ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་ས་མཐོའི“སྲང་ལམ་གུ་དོག་པོ”།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨན་ཧུའེ་ཏུང་ཁྲེང་གི་སྲང་ལམ་གུ་དོག་པོ་དེ་གྲོང་པ་ཁྱིམ་མཚེས་དབར་གུས་ཞབས་བྱེད་པའི་དཔེ་མཚོན་ཞིག་ལ་གྱུར་ཡོད། འོན་ཀྱང་མི་མང་པོ་ཞིག་གིས་ཤེས་པར་དཀའ་བ་ནི་ཨན་ཧུའེ་དང་བར་ཐག་སྤྱི་ལེ་སྟོང་ཕྲག་མང་པོ་ཆོད་པའི་མཚོ་བོད་ས་མཐོར་ཡང“སྲང་ལམ་གུ་དོག་པོ”དེ་ལྟ་བུ་ཞིག་ཡོད་པ་དེ་རེད།

ཀན་སུའུ་ལྷོ་རྒྱུད་དང་ཆིན་ལིན་རྨིན་ཧྲན་རོ་བོའི་ནུབ་འདབས་སུ་གནས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་མགོ་གཙང་སྐྱིད་པོ་ནང་ཞེས་པའི་གྲོང་ཚོ་ཞིག་ཡོད། གྲོང་ཚོར་དེར་སྐྱོད་སྐབས་ཁོད་སྙོམས་ལ་གཙང་ཞིང་གྲ་འགྲིག་པའི་གྲོང་ཚོའི་གཞུང་ལམ་ལ་རྒྱ་སྐྱེད་བཏང་ཤུལ་མངོན་གསལ་དོད་པོ་གཉིས་ཡོད་པར་མི་རྣམས་ཀྱིས་དོ་སྣང་བྱེད་དགོས་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལམ་ངོས་ཀྱི་རྗེས་ཤུལ་དེ་ནི་མང་ཚོགས་ཀྱི་ཚོགས་ཆེན་ལས་བྱུང་བ་ཞིག་རེད། མགོ་གཙང་སྐྱིད་པོ་ནང་ནི་མཚོ་བོད་ས་མཐོའི་མཐའ་མཚམས་རི་ཁུལ་དུ་གནས་པ་དང་དེར་ས་ཞིང་རྒྱ་ཁྱོན་ཆུང་ཆུང་རེད། སྔོན་ཆད་གྲོང་ཚོའི་ལམ་ཆུང་དུ་ཐེར་གེ་འགྲོ་སྐྱོད་ཐུབ་ཙམ་ལས་རླངས་འཁོར་ཆེ་གྲས་གྲོང་ཚོར་འགྲོ་ཐབས་བྲལ། གྲོང་ཚོས་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་ནས་སླད་ཕྱིན་གྲོང་ཚོ་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུའི་སྐོར་ལ་གྲོང་ཚོ་གང་དུ་འཆར་འགོད་བྱེད་དགོས་ན་དེ་འབྲེལ་མང་ཚོགས་ཀྱིས་དེ་བར་གཡོལ་དགོས་པའི་ཐུན་མོང་གི་ངོས་འཛིན་ཞིག་ཆགས་ཡོད། ཁོང་ཚོས་རང་འགུལ་ངང་རང་ཁྱིམ་གྱི་རྒྱལ་སྒོ་དང་ལྕགས་རི་བཤིག་པ་མ་ཟད། གྲོང་ཚོ་ནས་སྐྱིན་གསབ་ཅི་ཡང་བླངས་མེད་པ་རེད། དུས་ཡུན་ལོ་གཅིག་ཁོ་ནར་གྲོང་ཚོ་ཧྲིལ་པོའི“འཕྲེད་གསུམ་གཞུང་བཞི”མ་ལམ་གྱི་བཀོད་པ་ཞིག་སྤྱིར་ན་ཆགས་ནས་རླངས་འཁོར་དུད་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་ཡོད། སྲང་ལམ་རྒྱ་སྐྱེད་བཏང་བའི་རྗེས་ཤུལ་དེ་ལས་གྲོང་ཚོ་དེའི་དམངས་སྲོལ་གཞུང་དྲང་བག་ཆགས་དང་གྲོང་མི་མཐུན་སྒྲིལ་ལྡན་པ་ར་སྤྲོད་གང་ལེགས་བྱེད་ཀྱི་ཡོད།

ལམ་ཤར་གཏོང་ཐུབ་པ་དེས་གྲོང་མིའི་ཡོང་འབབ་སྔར་བས་མང་དུ་སོང་ཞིང་། མགོ་གཙང་སྐྱིད་པོ་ནང་གྲོང་ཚོའི་སྟར་ཁ་ནི་ཞིང་ལས་པུའི་ཞིང་ལས་ཐོན་རྫས་ཀྱིས་ས་གཤིས་མཚོན་རྟགས་ཀྱི་ཐོ་འགོད་བྱས་ནས“འབྲུག་ཆུའི་སྟར་ཁར”དཔང་བདེན་ར་སྤྲོད་བྱས་ཡོད། གྲོང་ཚོ་ཡོངས་ལ་སྟར་ཁའི་གླིང་མུའུ270ལྷག་ཙམ་ཡོད་པ་དང་། སྟར་སྡོང་གི་ལོ་ཚད་མཐོ་ཤོས་ལོ་བརྒྱ་ལྷག་ཙམ་ཟིན་ཡོད། ད་ཆ་སྡོང་པོ་ཚང་མ་འབྲས་བུ་འདོགས་པའི་དུས་སུ་སླེབས་ནས་སྡོང་པོ་རེ་ནས་འབྲས་བུ་རྒྱ་མ500ནས1000བར་འཐུ་རྒྱུ་ཡོད་པ་དང་ལོ་ལྟར་གྲོང་མིར་ཡོང་འབབ་སྒོར་ཁྲི80ཙམ་ཡོང་གི་ཡོད།

2017ལོར་གྲོང་ཚོ་ཡོངས་ཀྱིས་ད་དུང་སྟར་ཁ་མུའུ90ལ་སྦྱར་མཐོ་སྦྲེལ་ལེགས་བྱས་ནས་སྟར་སྡོང3690ལ་སྦྱར་ག་བྱས་པས་སྔོན་དཔག་བྱས་ན་མུའུ་རེ་ནས་སྟར་ཁ་སྤུས་ལེགས་སྤྱི་རྒྱ50ཐོན་པ་དང་། མུའུ་རེ་ནས་འབབ་འཕར་སྒོར1000ཟིན་པ། ཚན་རྩལ་གྱིས“སྟར་ཁ་ཐོན་ཡུལ”གཏོད་པར་རམ་འདེགས་བྱས་ནས་གྲོང་མི་ཚོ་དེ་བས་འབྱོར་ཕྱུག་ལྡན་པར་གྱུར་ཡོད།

འབྲུག་ཆུ་རྫོང་དུ་དུས་བཞིའི་དབྱེ་བ་གསལ་ཞིང་། ཉི་འོད་འཕྲོ་ཚད་ཆེ་ལ་ཆར་པ་འབེལ་པོ་ཡོད་པས་སྟར་ཁ་འདེབས་གསོ་དང་ཧ་ཅང་འཚམ་པའི་ས་ཁུལ་ཞིག་རེད། གྲུབ་ཆ་ལེགས་སྒྲིག་བྱས་ནས་ཁྲོམ་རའི་འགྲན་རྩོད་འཇོན་ཐང་ཆེ་རུ་གཏོང་ཆེད། མགོ་གཙང་སྐྱིད་པོ་ནང་གྲོང་ཚོས་ད་དུང་རྫོང་གི་མཛུབ་ཁྲིད་ཞིབ་ཕྲ་བྱས་པའི“གྲོང་ཚོ་རེ་ལ་སྤུས་རྟགས་རེ་ཡོད་པའི”བླང་བྱར་གཞིགས་ནས། 2017ལོའི་ཟླ3པར་འབྲས་ཆེན་སྟར་ཁ་མུའུ60ནང་འདྲེན་འདེབས་གསོ་བྱས་ནས་སྟར་ཁ་གླིང་དུ་འབྲས་བུ་སྤུས་ལེགས་འདོགས་ཚད90%ཡན་བཟུང་ཡོད། སྔོན་དཔག་བྱས་པར་གཞིགས་ན། ལོ5ཡི་རྗེས་སུ་སྡོང་པོ་རེར་འབྲས་བུ་འདོགས་ཚད་རྒྱ་མ120ནས160བར་ཟིན་རྒྱུ་དང་། མུའུ་རེ་ནས་ལོ་རེར་འབྲས་བུ་རྒྱ་མ1000ཡན་ཐོན་རྒྱུ། ཐོན་རྫས་རིན་ཐང་སྒོར20000ཟིན་རྒྱུ་རེད།

གཞན་ཡང་གྲོང་མིས་གཡེར་མ་དང་ཤིང་ཏོག་ཨ་མྲ་བཏབ་པ་དང་། ཡུལ་དེ་གའི་བྱ་དེ་དང་སྦྲང་རྩི་གསོ་ཚགས་བྱས་པར་རྒྱལ་ཁབ་ཀྱི་དེ་མཚུངས་སྲིད་ཇུས་ཀྱི་ཁ་གསབ་ཐོབ་ཡོད། འབྱུང་འགྱུར་གྲོང་ཚོ་དེས་དཔྱིད་གསར་དུས་ཆེན་གྱི་དམངས་སྲོལ་བྱེད་སྒོ་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་ལ་བརྟེན་ནས། འགོག་འཐུ་དང་། ཉམས་ལེན། སྤྲོ་གསེང་། ལུས་གསོ་སོགས་ཚུད་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་མུ་མཐུད་འཕེལ་རྒྱས་བཏང་སྟེ་མི་སེར་ཚོའི་ཡོང་འབབ་མང་དུ་འགྲོ་བར་སྐུལ་ཁྲིད་བྱས་ཡོད་པ་རེད།

མགོ་གཙང་སྐྱིད་པོ་ནང་གྲོང་ཚོའི་འགྱུར་ལྡོག་དེ་ནི་འབྲུག་ཆུ་རྫོང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་འཕེལ་རིམ་ཁྲོད་ཀྱི་མཚོན་ཚུལ་ཞིག་རེད། ད་ཆའི་འབྲུག་ཆུ་རྫོང་གིས་གྲམ་ཐང་དང་། རི་རྐེད། རི་མཐོ་སོགས་ས་ཁམས་ཀྱི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་ཆ་རྐྱེན་མི་འདྲ་བར་གཞིགས་ཏེ་ཡུལ་བབ་དང་བསྟུན་ནས་སྦྲང་ནོར་བུ་གསོ་ཚགས་དང་། བྱ་དེ་གསོ་ཚགས། སྨན་རྒྱུ་འདེབས་པ། ནགས་ཁྲོད་དཔལ་འབྱོར་སོགས་ཁྱད་ལྡན་ཐོན་ལས་སྣ་མང་འཚོལ་ཞིབ་ཀྱིས་དབུལ་སྐྱོར་མགྱོགས་སུ་བཏང་སྟེ། ས་ཁོངས་མི་འདྲ་བའི་མང་ཚོགས་ལ་ཕན་འབྲས་ཡག་པོ་ཐོབ་ཐབས་བྱས་ཡོད།

2017ལོ་ཚུན་འབྲུག་ཆུ་རྫོང་ཡོངས་ཀྱིས་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་ནགས་ལས་ཐོན་རྫས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱས་པ་ལས་དཔལ་འབྱོར་ནགས་ལས་འབྲས་ཞིང་གི་ས་ཁྱོན་མུའུ24.28ཟིན་པའི་ནང་སྟར་ཁ་སྤུས་ལེགས་མུའུ་ཁྲི16.25དང་། གཡེར་མ་མུའུ་ཁྲི2.92 སྐྱུ་རུ་ར་མུའུ5600 དར་འབུ་རྟེན་གཞི་མུའུ3400 སེའུ་དམར་ཆེན་མུའུ141བཅས་ཡོད་པ་དང་། ཀྲུང་ལུགས་དང་བོད་སྨན་གྱི་སྨན་རྒྱུ་རིགས་མི་འདྲ་བ་མུའུ་ཁྲི3.7དང་། རི་བྱ་ཁྲི15.11དང་། སྦྲང་ནོར་བུ་སྒམ་ཁྲི2.2 ཡུལ་ཕག་མགོ་གྲངས་ཁྲི3.73གསོ་ཚགས་བྱས་པ། ལྷག་པར་དུ་ན་ནིང་བཏབ་པའི་རླམ་རྩྭ་ཕོ་སུལ་མུའུ356ལ་ལོ་ལེགས་བྱུང་ནས་ཆ་སྙོམས་མུའུ་རེའི་ཐོན་ཚད་རྒྱ་མ200དང་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་ཁྲི400ལྷག་ཙམ་ཟིན་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་གྱི་རྨང་གཞི་དེ་བས་བརྟན་དུ་སོང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།