ཀྲུང་གོ་བོད་ཀྱི་དྲ་བ།

བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ40རིང་ལ་ཀན་ལྷོ་ཁུལ་གྱི་ཕྱུགས་ལས་གོང་འཕེལ་དུ་ཕྱིན་པའི་གནས་ཚུལ་རགས་བཀོད།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ 40རིང་ལ། ཀྲུང་གོའི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་མི་དམན་པ་ཐོབ། ལོ་ངོ 40ཡི་རིང་ལ། ཕྱུགས་ལས་ནི་ཀན་ལྷོ་ཁུལ་གྱི་ཐོན་ལས་ཨང་དང་པོ་དང་རོང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་གཙོ་བོ་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་སྲིད་གཞུང་གི་སྣེ་ཁྲིད་དང་། སྲིད་ཇུས་ཀྱི་ཁྲིད་སྟོན་འོག་ཕྱུགས་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། ཀན་ལྷོ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རོང་འབྲོག་པ་མང་ཚོགས་དབུལ་ཐར་མཁྲེགས་གཏོར་བྱེད་པའི་ཐོན་ལས་གཙོ་བོ་རུ་གྱུར་ལ། ཕན་འབྲས་བཟང་བོ་ཐོབ་ཡོད། 

བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ40རིང་གི་ཀན་ལྷོ་ཁུལ་གྱི་ཕྱུགས་ལས་ཀྱི་སྤྱིའི་གནས་བབ་དང་འཕེལ་རྒྱས་བརྒྱུད་རིམ། 

(གཅིག) སྤྱིའི་གནས་བབ།

ཕྱུགས་ལས་ནི་ཀན་ལྷོ་ཁུལ་གྱི་གཙོ་རྟེན་ཐོན་ལས་དང་ཁྱད་ལྡན་ཐོན་ལས་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། ཏང་གི་མི་རིགས་སྲིད་ཇུས་དང་དམངས་ཕྱུག་སྲིད་ཇུས་ལ་བརྟེན་ནས། ཕྱུགས་ལས་མགྱོགས་མྱུར་གྱིས་སླར་གསོ་དང་འཕེལ་རྒྱས་སུ་བཏང་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཁུལ་ཡོངས་ཀྱིས་ཕྱུགས་ལས་འཕེལ་རྒྱས་ལ་ཤུགས་བསྣན་པས་སྔར་མེད་པའི་འཕེལ་རྒྱས་བྱུང་། 2017ལོར་ཕྱུགས་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱིས་ཁུལ་ཡོངས་ཀྱི་ཐོན་ལས་དང་པོའི་བསྡུར་ཚད་ཀྱི67.43%ཟིན། ལོ་མཇུག་ཏུ་བཤའ་ཁོངས་སུ་བཏང་བའི་ཕྱུགས་རིགས་དེ1978ལོའི་ཁྲི248.4ནས2017ལོའི་ཁྲི351.40ལ་འཕར་སྣོན་བྱུང་བ་དང་། ཤ་རིགས་ཀྱི་ཐོན་སྐྱེད་ཚད་དེ1978ལོའི་ཏུན་ཁྲི0.78ནས2017ལོའི་ཏུན་ཁྲི7.86ལ་འཕར་། 2009ལོ་ནས་བཟུང་། ཀན་ལྷོ་ཁུལ་གྱིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ལག་བསྟར་བྱས་ནས་ཚད་ལས་བརྒལ་བའི་ཕྱུགས་ཟོག་ཉུང་དུ་བཏང་སྟེ། 2012ལོ་ནས2017ལོའི་བར་དུ་ཁུལ་ཡོངས་ཀྱི་བཤའ་ཁོངས་སུ་བཏང་བའི་ཕྱུགས་རིགས་ཁྲི32.41ཇེ་ཉུང་དུ་ཕྱིན།

(གཉིས) ཕྱུགས་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ།

བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་ངོ 40རིང་གི་ཀན་ལྷོའི་ཕྱུགས་ལས་འཕེལ་རྒྱས་ལ་ཕྱིར་དྲན་བྱས་ན། ཕལ་ཆེར་འཕེལ་རྒྱས་ཀྱི་དུས་རིམ་གསུམ་བརྒྱུད་མྱོང་བ་རེད།

1.འཚོལ་ཞིབ་ཀྱི་འཕེལ་རྒྱས་བརྒྱུད་རིམ།(1953ལོ-1978ལོ) ཁུལ་བཙུགས་པའི་དུས་འགོར། ཁུལ་ཡོངས་ཀྱི་ཕྱུགས་ལས་དེ་རོགས་རེས་མཉམ་ལས་ཅན་གྱི་ལམ་དུ་སྐྱོད་འགོ་བརྩམས་པ་སྟེ། ཁེར་གཉེར་དཔལ་འབྱོར་སོ་སོ་རྒྱལ་ཁབ་ལ་དབང་བའི་ལམ་ལུགས་དང་འབྲོག་དམངས་ཐུན་མོང་ལ་དབང་བའི་ལམ་ལུགས་སུ་བསྒྱུར། 1953ལོའི་ལོ་མཇུག་ཏུ། བཤའ་ཁོངས་སུ་བཏང་བའི་ཕྱུགས་རིགས་བསྡོམས་པས་ཁྲི150.4ཡོད། 1958ལོར། རྒྱལ་ཡོངས་ཀྱི“མཆོང་སྐྱོད་ཆེན་མོས”ཀན་ལྷོའི་ཕྱུགས་ལས་ལ་ཤུགས་རྐྱེན་ཐེབས། 1964ལོར་ཚོགས་པའི་ཀན་ལྷོ་ཁུལ་ཏང་གི་འཐུས་མའི་ཚོགས་ཆེན་སྐབས་གསུམ་པས“ཕྱུགས་ལས་གཙོ་བོར་འཛིན་པ་དང་། ཞིང་ཕྱུགས་ཟུང་འབྲེལ་བྱེད་པ། དཔལ་འབྱོར་སྣ་མང་འཕེལ་རྒྱས་གཏོང་བའི”ཐོན་སྐྱེད་བྱེད་ཕྱོགས་བཏོན་ཏེ། ཁུལ་ཡོངས་ཀྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལོ་རེ་བཞིན་ཇེ་ལེགས་སུ་ཕྱིན། 1978ལོའི་ལོ་མཇུག་ཐུག་བར་དུ། ཁུལ་ཡོངས་ལ་བཤའ་ཁོངས་སུ་བཏང་བའི་ཕྱུགས་གྲངས་ཁྲི248.4ཡོད་པ་དང་། ཁུལ་བཙུགས་པའི་དུས་འགོར་དང་བསྡུར་ན་ཕྱུགས་རིགས་ཁྲི98འཕར་སྣོན་བྱུང་ཡོད་ལ།65.2%འཕར་ཡོད། 

2.འཕེལ་རྒྱས་བརྟན་ཞིང་མགྱོགས་པོ་བྱུང་བའི་དུས་རིམ།(1978ལོ-1992ལོ)ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས་བཟུང་། 《སྔར་ལས་ལྷག་པར་དུ་རྩྭ་སའི་འགན་གཙང་ལེན་ལམ་ལུགས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་སྟེ་རྩྭ་ཐང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་ཐག་གཅོད།》གཏན་འབེབས་བྱས་ཏེ། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་ཀྱི་ཧུར་སེམས་རང་བཞིན་ལ་སྐུལ་སློང་བྱས། 1992ལོའི་ལོ་མཇུག་བར་དུ། ཁུལ་ཡོངས་ལ་བཤའ་ཁོངས་སུ་བཏང་བའི་ཕྱུགས་རིགས་ཁྲི 280ཡོད་པ་དང་། 1978ལོ་དང་བསྡུར་ན་ཕྱུགས་རིགས་ཁྲི32.5འཕར་སྣོན་བྱུང་ཡོད་ལ། 13.1%འཕར་ཡོད།

3.སྤུས་ཕྱོད་མཉམ་འདེགས་ཀྱི་འཕེལ་རྒྱས་དུས་རིམ།(1992ལོ-2017ལོ) ཏང་གི་ཚོགས་ཆེན་བཅུ་བཞི་བ་འཚོགས་པ་ནས་བཟུང་། ཚན་རིག་སློབ་གསོ་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བའི་བྱེད་ཐབས་ཕྱོགས་ཡོངས་ནས་སྤེལ་ཏེ། དཔལ་འབྱོར་འཛུགས་སྐྲུན་དེ་ཚན་རྩལ་ཡར་ཐོན་དང་ངལ་རྩོལ་བའི་བྱང་ཚད་མཐོར་འདེགས་སུ་གཏོང་བ་ལ་བརྟེན་པའི་འགོ་བརྩམས། 2013ལོར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཡང་བསྐྱར“ཐོན་ལས་ཆེན་པོ་གཉིས”ཀྱིས་མ་འོངས་པའི་ཀན་ལྷོའི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་དགོས་པ་བཏོན་ཏེ། ཀན་ལྷོའི་མཐོ་སྒང་གི་ཁྱད་ལྡན་སྐྱེ་ཁམས་ཕྱུགས་ལས་གཙོ་གནད་དུ་བཟུང་ནས་རོགས་སྐྱོར་བྱས། 2017ལོར་ལོ་མཇུག་ཏུ། ཁུལ་ཡོངས་ལ་བཤའ་ཁོངས་སུ་བཏང་བའི་ཕྱུགས་གྲངས་ཁྲི351.5ཡོད་པ་དང་། ཤ་དང་འོ་མའི་སྤྱིའི་ཐོན་སྐྱེད་ཚད་ཏུན་ཁྲི16.23ཡིན་ལ། ཕྱུགས་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར21.7ལ་བསླེབས།། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།