ཀྲུང་གོ་བོད་ཀྱི་དྲ་བ།

ལིན་ཐན་རྫོང་གི་ངལ་ལས་ཕྱིར་གཏོང་གིས་དམངས་ཕྱུག་ལམ་བུ་བསྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་གིས་ཞིང་བ་ལས་མིའི་རྩལ་ནུས་མཐོར་འདེགས་སུ་གཏོང་རྒྱུ་དེ་རྫོང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་རྨང་གཞི་རང་བཞིན་གྱི་ལས་གཞི་དང་ཡོང་འབབ་ཇེ་མཐོར་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས། མིག་སྔའི་བར་དུ། ངལ་རྩོལ་བ་མི15379ཕྱིར་གཏོང་བྱས་པས། ངལ་ལས་ཡོང་འབབ་སྒོར་ཁྲི9211.4བསྐྲུན།

ལས་ཞུགས་དབུལ་སྐྱོར་དང་སྤྱི་ཚོགས་འགན་བཅོལ་གྱི་དབུལ་སྐྱོར་དྲིལ་བསྒྲགས་ཚན་ཆུང་བཙུགས་ནས། རྫོང་ཡོངས་ཀྱི་དུད་ཁྱིམ་སོ་སོར་སྤྱི་ཚོགས་འགན་བཅོལ་གྱི་དབུལ་སྐྱོར་དང་ལས་ཞུགས་ཀྱི་གནད་དོན་བཅས་ཀྱི་ཐད་ལ་ཁེ་དབང་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ལྷག་པར་དུ་ཡིག་ཚགས་བཟོས་ནས་བྱང་བུ་བསྐྲུན་པའི་དུད་ཁྱིམ་རེ་རེར་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་གནད་དུ་འཁེལ་བ་བྱས་ཤིང་། ཤར་ཕྱོགས་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། ཧུར་ཐག་སྒོས་ཐེན་ཅིན་གྲོང་ཁྱེར་ཏུང་ལི་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལ་སྦྲེལ་མཐུད་བྱས་ཏེ། སྡེ་ཁག་གི་འགན་ནུས་ལ་བརྟེན་ནས“མི་གཅིག་གསོ་སྦྱོང་བྱས་ནས་མི་གཅིག་ཕྱིར་གཏོང་བྱེད་པ་དང་། མི་གཅིག་ལས་ཞུགས་བྱས་ནས་ཁྱིམ་གཅིག་དབུལ་ཐར་བྱེད་པའི”དམིགས་འབེན་དང་དམ་དུ་སྦྲེལ་ནས། ངལ་ལས་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་དང་། ངལ་ནུས་ཕྱིར་གཏོང་སོགས་ཀྱི་ཁྱབ་ཁོངས་སུ་ཐུན་མོང་གི་ངེས་ཤེས་རྙེད་པར་བྱས་ཤིང་། རིགས་མཐུན་རོགས་སྐྱོར་གྱི་བྱེད་ཤུགས་ཆེ་རུ་བཏང་ནས་གཉིས་ཕན་མཉམ་རྒྱལ་གྱི་རྣམ་པ་བཟང་བོ་རིམ་བཞིན་ཆགས་པར་བྱས། ཡིག་ཚགས་བྱང་བུ་བཟོས་པའི་ངལ་ལས་ནུས་ཤུགས་ལ་ལས་ཞུགས་སྟེགས་བུ་ལེགས་པོ་ཞིག་བསྐྲུན་པ་ཁག་ཐེག་བྱས་ཏེ། རང་ས་རང་ཡུལ་ནས་ལས་ཞུགས་བྱ་བ་ཐག་གཅོད་པར་སྐུལ་འདེད་བཏང་།

མིག་སྔའི་བར་དུ། རྫོང་ཡོངས་ཀྱི་ལས་རིགས་སོ་སོ་དང་ངལ་ལས་ཆེ་གྲས་དག་གཙོ་བྱས་ནས་གསོ་སྦྱོང་འཛིན་གྲྭ་ཐེངས126བསྒྲུབས་ཏེ། རིགས་མི་འདྲ་བའི་ནུས་རྩལ་ཤེས་ལྡན་མི་སྣ་མི་ཐེངས22821གསོ་སྦྱོང་བྱས་པ་མ་ཟད། རོང་འབྲོག་མང་ཚོགས་མི13738ལ《ལས་རིགས་ནུས་རྩལ་གྱི་ཐོབ་ཐང་དཔང་ཡིག》ཐོབ་པར་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།