ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུ་རྫོང་གིས་ཞིང་བ་ལས་མི91གི་ཟླ་ཕོགས་ཆད་པའི་གནད་དོན་ཐག་བཅད་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་ཞིང་བ་ལས་མིའི་ཟླ་ཕོགས་ཆད་འགྱངས་དང་གནས་ལུགས་མེད་པར་ལྐོག་ལེན་བྱེད་པའི་གནད་དོན་སྐོར་གྱི་བྱ་བ་དམ་འཛིན་བྱས་པ་དང་། ལམ་ལུགས་འཐུས་ཚང་དུ་བཏང་ནས་ཞིང་བ་ལས་མིའི་ཁྲིམས་མཐུན་ཁེ་དབང་ཁག་ཐེག་བྱས། མིག་སྔར་ཐུག་བར། མི་ཐེངས 95ཡིས་ཁ་པར་བཏང་ཞིང་འདྲི་རྩད་བྱས་པའི་གནད་དོན་བདག་སྤྲོད་བྱས་ཏེ། ཟླ་ཕོགས་ཆད་འགྱངས་བྱས་པའི་གྱོད་གཞི9ཐག་གཅོད་བྱས་ཤིང་། ཞིང་བ་ལས་མི91གི་ཆད་འགྱངས་ཟླ་ཕོགས་སྒོར་ཁྲི383.4ལེན་ཐུབ་པ་བྱུང་།

ཞིང་བ་ལས་མིའི་ཟླ་ཕོགས་ཆད་འགྱངས་བྱས་པའི་གནད་དོན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་འཐུས་ཚང་ངང་ཐག་གཅོད་བྱས་ཤིང་། གཞུང་སྒྲུབ་ཁང་དང་ཁོངས་ཞུགས་ལས་ཁུངས་ཀྱི་འགན་འཁྲི་ཇེ་ཞིབ་ཏུ་བཏང་བ་དང་། ཆེད་དོན་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་བཙུགས་ནས། རྫོང་ཡོངས་ཀྱི་ཨར་ལས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁེ་ལས་ངལ་རྩོལ་བའི་ངལ་རྩོལ་དུས་ཚོད་དམ་འཛིན་བྱེད་པ་དང་། དུས་ལྟར་ཟླ་ཕོགས་སྤྲོད་པ་ཁག་ཐེག་བྱ་དགོས་པ་སོགས་ཀྱི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས། “3.15”སོགས་བརྗོད་དོན་བྱས་པའི་ཁྱབ་བསྒྲགས་བྱ་འགུལ་དང་ཟུང་འབྲེལ་བྱས་ནས། 《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》དང《ལས་ཞུགས་སྐུལ་འདེད་བཅའ་ཁྲིམས》སོགས་དྲིལ་བསྒྲགས་བྱས་ཤིང་། ལས་ཁུངས་དང་ངལ་རྩོལ་བའི་ཁྲིམས་ལུགས་འདུ་ཤེས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་། དུས་རྒྱུན་ཞིབ་བཤེར་ལྟ་སྐྱོང་དང་ཆེད་དོན་སྐུལ་འདེད་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། སྲིད་གཞུང་གི་མ་འཇོག་ལས་གཞི་དང་མི་བཀོལ་སྤྱོད་བྱེད་པའི་ལས་ཁུངས་གཉིས་ཀྱི་བར་དུ་ངལ་རྩོལ་གན་རྒྱ་འཇོག་པ་དང་། ཟླ་ཕོགས་སྤྲོད་པ། སྤྱི་ཚོགས་འགན་སྲུང་སོགས་ལ་ཞུགས་པའི་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་ནས། ཁེ་ལས60ལ་ཞིབ་བཤེར་དང་མི་བཀོལ་སྤྱོད་བྱེད་པའི་ལས་ཁུངས་དང་ཁེ་ལས་བཟོ་ཚོགས34བར་དུ་སྤྱི་མཐུན་གྱི་གན་རྒྱ་འཇོག་པར་སྐུལ་འདེད་བྱས།

《འབྲུག་ཆུ་རྫོང་གི་ངལ་རྩོལ་འགན་སྲུང་གི་གློར་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་སྔོན་ཇུས》དང་《འབྲུག་ཆུ་རྫོང་གི་གློར་བྱུང་གལ་ཆེའི་རང་བཞིན་གྱི་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་པའི་སྔོན་ཇུས》སོགས་དག་བཅོས་བྱས་པ་དང་། གནད་དོན་སྔོན་འགོག་བྱེད་པར་ཤུགས་བསྣན་ནས། ཞིང་བ་ལས་མིའི་ཟླ་ཕོགས་འགན་སྲུང་མ་དངུལ་གྱི་གཏན་འབེབས་དེ་བཟོ་སྐྲུན་ལས་གཞི་ལས་འགོ་རྩོམ་པའི་སྔོན་འགྲོའི་ཆ་རྐྱེན་དུ་འཇོག་པ་དང་། ཁྲིམས་ལྟར་ཞིང་བ་ལས་མིའི་ཟླ་ཕོགས་ཆད་ལུས་མེད་པར་སྤྲོད་པའི་བྱ་སྤྱོད་དེ་ཞིང་བ་ལས་མིའི་ཟླ་ཕོགས་འགན་སྲུང་མ་དངུལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་བཞག་ཅིང་། ཞིང་བ་ལས་མིའི་ཟླ་ཕོགས་ཆད་ལུས་འབྱུང་བའི་གནད་དོན་ཇེ་ཉུང་དུ་འགྲོ་བར་ཕན་འབྲས་མངོན་གསལ་ཐོབ། མིག་སྔར། གསར་སྐྲུན་ལས་གཞི24ཡི་ཞིང་བ་ལས་མིའི་ཟླ་ཕོགས་འགན་སྲུང་མ་དངུལ་སྒོར་ཁྲི100ལྷག་ཙམ་ཕྱིར་ལེན་ཐུབ་པ་བྱུང་།

ཐེར་འདོན་ཞུ་གཏུག་གི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་བྱ་བ་ཡག་པོ་བསྒྲུབ་ཆེད། སྤྱི་ཚོགས་ཡོངས་ལ་ཐེར་འདོན་ཞུ་གཏུག་གི་ཁ་པར་སྤྱི་བསྒྲགས་བྱས་ཤིང་། ཐེར་འདོན་ཞུ་གཏུག་གི་སྒམ་ཆུང་བཟོས་ཏེ། ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ནས་དྲ་རྒྱའི་སྟེང་གི་མང་ཚོགས་ཀྱི་གླེང་ཕྱོགས་ལ་དོ་འཁུར་བྱས་ནས། མང་ཚོགས་ཀྱི་རེ་ཞུ་དང་ལེན་དང་ཕན་འབྲས་ལྡན་པ་ཁག་ཐེག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།