ལྟ་ན་སྡུག་པའི་མཛེས་ལྗོངས་ཀྱིས།། དམངས་ཀྱི་འཚོ་བ་གསར་བ་བསྐྲུན།།

-------ཀླུ་ཆུས་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་དབུལ་ཐར་ལ་ཤུགས་འདོན་པའི་ཟུར་བྲིས།                                      

2015ལོར་བོད་ཁྱིམ་སྤྲོ་ར་འཛུགས་འགོ་བརྩམས་པའི་སྐབས་དེར་ང་ལ་སྒོར་ཁྲི5ཡི་ཁེ་སྤོགས་ཐོབ”ཅེས་ཀླུ་ཆུ་རྫོང་རྫས་ཚ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་ལྷ་མོ་བཀྲ་ཤིས་ཀྱིས་དགའ་སྤྲོ་ཆེན་པོའི་ངང་གསར་འགོད་པ་ལ་བཤད། 

ཀླུ་ཆུ་རྫོང་རྫས་ཚའི་བྲག་ཚོགས་མཛེས་ལྗོངས་ཁུལ་གྱི་འདབས་སུ་ཆགས་པའི་རྫས་ཚ་སྡེ་བས་ཉེ་བའི་ལོར་ལྗོངས་ཁུལ་གྱི་ཐོན་ཁུངས་བེད་སྤྱད་དེ་ཕྱོགས་ཡོངས་ནས་གཞི་རྩའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ཞིང་། གནད་ཁེལ་དབུལ་སྐྱོར་བྱ་བར “འབྲས་བཟང་གང་མང་ཐོབ་པ་དང་། ཤུགས་ཆེན་སྒོས་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་དབུལ་ཕོངས་ཁྱིམ་ཚང་གིས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས”ཡོང་སྒོ་འཕར་ཞིང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་མངོན་འགྱུར་བྱུང་།

འདི་ནི་ཀླུ་ཆུ་རྫོང་གིས་ཤུགས་ཆེན་སྒོས“ཡུལ་སྐོར+”ཤུགས་བསྣན་ཏེ་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཡུལ་སྐོར་ལས་གཞིའི་ཡང་སྙིང་འདྲེན་པ། ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་དང་ནུས་པ་མཐོར་འདེགས་སུ་གཏོང་བའི་རྣམ་པ་ཞིག་ཡིན།

མཚོ་ཉིན་གྲོང་རྡལ་ཀ་ཤུལ་སྡེ་བས་གད་སྙིགས་མེད་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་མཚོན་སྡེ་བ་འཛུགས་སྐྲུན་བྱས་ནས་སྐྱེ་ཁམས་ཡུལ་སྐོར་གྱི་བོད་སྡེ་དང་པོའི་མཚན་སྙན་བསྐྲུན་པ་དང་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་།

མིག་སྔར་ཀ་ཤུལ་སྡེ་བའི་ལས་གཞི་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་ཞིང་། རིག་གནས་ཐང་ཆེན་དང་ལྗང་འགྱུར། མཛེས་བཟོ། ཐབ་ཚང་དང་གསང་སྤྱོད་ཁང་། ལྷས་ར་བཅས་ཕྱོགས་ཡོངས་ནས་བསྒྱུར་བཟོ་བྱེད་པ་ལེགས་གྲུབ་བྱུང་བ་དང་། སྨི་གྲུ་བཞི་མ 4500ཅན་གྱི་རླངས་འཁོར་འཇོག་ས་འཛུགས་གྲུབ་བྱུང་ནས་བེད་སྤྱོད་བྱེད་བཞིན་ཡོད། ལྗོངས་ཁུལ་གྱི་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་རླངས་འཁོར་འཇོག་ས། སྐྱེ་ཁམས་ཡུལ་ལྗོངས་ཀྱི་ལྟ་སྐོར་འགྲོ་ལམ། ཡུལ་ལྗོངས་ལྟ་སྐོར་འཛུགས་སྐྲུན་ཆུང་གྲས་སོགས་བདེ་བླག་ངང་སྤེལ།

མིག་སྔར་ཀ་ཤུལ་སྡེ་བས་རྒྱལ་ལམ213གྱི་འགྲིམ་འགྲུལ་ལམ་ཐིག་དང་ལན་ཀྲོའུ་ནས་སྟག་ཚང་ལྷ་མོ་བར་གྱི་ཡུལ་སྐོར་ལམ་ཐིག་དང་ལན་ཀྲོའུ་ནས་གཟི་ཚ་སྡེ་དགུའི་རྫོགས་ལྡན་ཡུལ་སྐོར་ས་བབ་ལེགས་ཤོས་ལ་བརྟེན་ནས། མཛེས་སྡུག་ལྡན་པའི་རྩྭ་ཐང་གི་ཡུལ་ལྗོངས་དང་ཁྱད་དུ་འཕགས་པའི་ཡུལ་སྲོལ་གོམས་གཤིས་གཞིར་བཟུང་སྟེ་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་། ཤུགས་ཆེན་སྒོས་གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་དང་དཔེ་མཚོན་སྡེ་བ་བཟོ་བཅོས་བྱས་ཏེ། སྡེ་བ་ཡོངས་སུ་འབྲོག་ཁྱིམ་སྤྲོ་ར 34བཙུགས་ནས་རོང་འབྲོག་མང་ཚོགས་ཀྱི་ལས་བརྩོན་ཕྱུག་འགྱུར་གྱི་རང་འགུལ་བྱེད་ནུས་ཇེ་མཐོར་བཏང་ཞིང “གད་སྙིགས་མེད་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་མཚོན་སྡེ་བ་སྟེ་ཀ་ཤུལ་སྡེ་བ”བཟོ་སྐྲུན་བྱེད་པ་ལེགས་གྲུབ་བྱུང་བ་དང་། “ཀ་ཤུལ་སྡེ་བའི་སྐྱེ་ཁམས་ཡུལ་སྐོར་གྱི་བོད་ཁྱིམ་དང་པོའི”ཡུལ་སྐོར་མཚོན་རྟགས་ཀྱི་སྣང་བརྙན་གསར་བ་བསྐྲུན། ཀ་ཤུལ་རྒྱལ་ཁབ་ཀྱི 3Aརིམ་པ་ཅན་གྱི་ལྗོངས་ཁུལ་བདེ་བླག་ངང་བཙུགས་པ་མ་ཟད་རྒྱལ་ཁབ་ཀྱི་རིམ་པ4Aཅན་གྱི་ཡུལ་སྐོར་ལྗོངས་ཁུལ་གྱི་སྙན་སེང་ཞུ་བཞིན་ཡོད།

ཀླུ་ཆུ་རྫོང་སྟག་ཚང་ལྷ་མོ་གྲོང་རྡལ་གྱིས་ལྷ་མོ་དགོན་པའི་ལྗོངས་ཁུལ་འཕེལ་རྒྱས་ཡུལ་སྐོར་ལས་རིགས་ནི་མི་རྣམས་ཀྱི་འཕེལ་རྒྱས་དང་ཕྱུག་འགྱུར་གྱི་ཐུན་མོང་གི་ངོས་ཟིན་ལ་བརྟེན་ནས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀླུ་ཆུ་རྫོང་གིས “ཡུལ་སྐོར+དབུལ་སྐྱོར”མཉམ་འདྲེས་ལ་ཤུགས་བསྣན་ཏེ་ཤང་སྡེའི་ཡུལ་སྐོར་མགྱོགས་མྱུར་ངང་འཕེལ་བར་སྐུལ་འདེད་བཏང་བ་དང་ཕྱོགས་ཡོངས་ནས་སྟག་ཚང་ལྷ་མོའི་ཡུལ་སྐོར་གཞི་རྩའི་སྒྲིག་བཀོད་ལས་གཞི་ལེགས་གྲུབ་བྱུང་བ་དང་སྤྱིའི་གཏོང་དངུལ་སྒོར་ཁྲི2370ཡིན་པའི་རླངས་འཁོར་འཇོག་ས་དང་རིག་གནས་ཡུལ་སྐོར་སྲང་ལམ། ཡུལ་སྐོར་གསང་སྤྱོད་ཁང་བཅས་བེད་སྤྱོད་བྱེད་བཞིན་ཡོད་ལ། མ་དངུལ་སྒོར་ཁྲི4200བཏང་ནས་ཀླུའི་ཆབ་བྲག་གནམ་མཚོ་ལྗོངས་ཁུལ་ཆེན་མོ་ཕྱོགས་བསྡུས་གསར་སྤེལ་ལས་གཞི་ཤུགས་ཆེན་སྒོས་སྐུལ་སྤེལ་བྱས།

ཀླུ་ཆུ་རྫོང་གིས་སྟག་ཚང་ལྷ་མོ་སྡེ་བ་སོགས་ཤང་སྡེ་ཡུལ་སྐོར་དབུལ་སྐྱོར་འཕེལ་རྒྱས་ཀྱི་ཆ་རྐྱེན་འཛོམས་པའི་སྡེ་བ10དང་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་ཡུལ་སྐོར་ཁྱད་ཆོས་ལྡན་པའི་ཤང་དང་གྲོང་རྡལ་འཛུགས་སྐྲུན་གྱིས་གནད་ཁེལ་དབུལ་སྐྱོར་དང་རོང་འབྲོག་སྡེ། “མཛེས་སྡུག་ལྡན་པའི་ཤང་སྡེ”འཛུགས་སྐྲུན་སོགས་དམངས་ཕན་ལས་གཞི་དང་སྲིད་ཇུས་ཀྱི་གཏོང་དངུལ་དང་མཉམ་སྡེབ་བྱས་ཤིང་། སྤྱི་ཚོགས་ཀྱི་གཏོང་དངུལ་གྱིས་ཤང་སྡེའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པར་ཁྲིད་སྟོན་བྱས། མིག་སྔར་ཀ་ཤུལ་སྡེ་བ་དང་རྡོ་ར་སྡེ་བ། དགོན་ཆག་སྡེ་བ། རྫས་ཚ་སྡེ་བ་སོགས་ཀྱིས་ཡུལ་སྐོར་ཆེད་ལས་སྡེ་བ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ལེགས་གྲུབ་བྱུང་བ་མ་ཟད་ཀ་ཤུལ་སྡེ་བའི་ཡུལ་སྐོར་ཡོང་སྒོ་སྒོར་ཁྲི100ལས་བརྒལ་ནས་མང་ཚོགས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་བཟང་ཆ་མྱོང་ཚོར་ཐུབ་པ་བྱུང་།

2017ལོར་ཀླུ་ཆུས་ཆུ་ཚད་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས “ཀྲུང་གོ་སྐབས་དྲུག་པའི་སྐོར་བྲོ་འཁྲབ་སྟོན་དང་སྐབས་དང་པོའི་འཁོར་ཁང་། ཡུལ་སྐོར་ཚོགས་ཆེན”བདེ་ལེགས་ངང་སྤེལ་ཏེ་ཁུལ་ཕྱི་ནང་གི་འཐུས་ཚབ་རུ་ཁག27འགྲན་བསྡུར་ལ་ཞུགས་པ་མ་ཟད། མི་སྟོང་གི་སྐོར་བྲོ་འགྲན་བསྡུར་དང་དམངས་ཁྲོད་ཀྱི་རིག་རྩལ་འཁྲབ་སྟོན་སོགས་ཀྱི་རིག་གནས་དུས་སྟོན་བྱེད་སྒོ་སྤེལ་བ་དེས“ཀྲུང་གོའི་སྐོར་བྲོའི་ཕ་སའི”བག་ཆགས་འཇོག་ཤུགས་ཇེ་ཆེར་བཏང་བ་དང་། ཀླུ་ཆུའི་ཡུལ་སྐོར་གྱི་མཚན་སྙན་གྲགས་ཇེ་མཐོར་བཏང་སྟེ། ཡུལ་སྐོར་དཔལ་འབྱོར་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་། དུས་སྟོན་སྐབས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི16.5ལ་བསླེབས་ཏེ་ཡུལ་སྐོར་ཕྱོགས་བསྡུས་ཀྱི་ཡོང་སྒོ་སྒོར་ཁྲི8631.5ལ་བསླེབས། །                   

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།