ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཆོས་ལུགས་བྱ་བའི་ཚོགས་འདུ་བསྡུས།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆོས་ལུགས་བྱ་བའི་ཚོགས་འདུ་ཅོ་ནེ་རྫོང་དུ་ཚོགས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་ཤིང་གཏམ་བཤད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གནས་ཚུལ་གསར་བའི་འོག་ཆོས་ལུགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ལག་བསྟར་བསམ་འཆར་གྱི་འཆར་ཟིན་བཀོད་པའི་གནས་ཚུལ་གསལ་བཤད་བྱས།

ཁུལ་གྱི་འགོ་ཁྲིད་པ་སུང་ཅན་དང་ཚེ་རིང་དོན་གྲུབ། ལིའང་མིང་ཀོང་། ཧྲི་ཀྲན་ལིའང་། ལིའུ་ཡུང་ཀོ ཕུའུ་ཁྲོན་ཧུང། ཝང་ཅན་ཅུན། དབྱང་ཞའོ་ནན་བཅས་གྲོས་ཚོགས་སུ་ཞུགས། གྲོས་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་དབྱི་སི་ལན་ཆོས་ལུགས་ཀྱི་ཆེད་དོན་བྱ་བའི་ཚོགས་འདུའི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་པ་དང་། གཙོས་གྲོང་ཁྱེར་དང་བསང་ཆུ་རྫོང་། ལིན་ཐན་རྫོང་། ཐེ་བོ་རྫོང་བཅས་ཀྱི་འགན་ཁུར་བ་གཙོ་བོས་ཚོགས་ཐོག་ཏུ་གཏམ་བཤད།

ཡུས་ཁྲིན་ཧུའེ་ཡིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་གནས་ཚུལ་གསར་བའི་འོག་ཏུ་ཆོས་ལུགས་བྱ་བ་ལེགས་པོ་བསྒྲུབ་པའི་དོན་སྙིང་ལ་ངོས་འཛིན་ཟབ་མོ་བྱ་དགོས་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་བྱ་བར་མཐོང་ཆེན་ཆེན་པོ་བྱས་ཤིང་ཚོགས་འདུ་རབ་དང་རིམ་པ་ཚོགས་ནས་ཆོས་ལུགས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་དང་། རྩ་དོན་དང་བླང་བྱ་གསལ་བོ་བཏོན་ནས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཚན་གྱིས“འདུ་ཤེས་བཞི”བརྟན་པོ་བཙུགས་ནས། རང་འགུལ་གྱིས“སྲུང་སྐྱོབ་གཉིས”ལག་ལེན་དུ་བསྟར་བ་དང་། ལག་བསྟར་བྱེད་པར་ནུས་ཤུགས་ལྡན་ཞིང་དོན་འཁྱོལ་བྱས་པར་ཕན་འབྲས་ཐོན་པ་བྱ་དགོས་ཞེས་ནན་གྱིས་བསྟན།

ཡུས་ཁྲིན་ཧུའེ་ཡིས་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་རང་ཁུལ་གྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་རྣམ་པ་སྲུང་སྐྱོང་བྱེད་པ་དང་། ཆོས་ལུགས་ཀྱི་ཆོས་ཉིད་ཁྲོད་ཆོས་ལུགས་ཁྱབ་ཁོངས་ཀྱི་གནད་དོན་ཞིབ་དཔྱད་དང་ཁོད་དུ་ཆུད་པ་གཏིང་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་གི་ཐབས་ལ་བརྟེན་ནས་ཆོས་ལུགས་བྱ་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྣང་ཆེན་བྱེད་པ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་ཆོས་ལུགས་བྱ་བའི་གཙོ་ཁྲིད་ཀྱི་དབང་ཆ་ནན་འཛིན་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ནན་སྲུང་བྱས་ཏེ་གུང་ཁྲན་ཏང་ཡོན་གྱིས་ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པའི་བླང་བྱ་བཏོན།

ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར(མི་རིགས་ཆོས་ལུགས)བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་སྡེ་ཚན་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་གཙོ་བོ། ཁུལ་ནང་བསྟན་མཐུན་ཚོགས། ཁུལ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་པ་གཙོ་བོ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་བཅས་གྲོས་ཚོགས་སུ་ཞུགས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།