ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཀན་སུའུ་ཞིང་ཆེན་ཡུལ་སྐོར་གོང་འཕེལ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀན་སུའུ་ཞིང་ཆེན་གྱིས་སྔར་ལས་ལྷག་པར་དུ་ལྗོངས་ཁུལ་ཆེན་མོ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ཚད་ཇེ་མགྱོགས་སུ་བཏང་ནས། 2020ལོའི་སྔོན་དུ། ཞིང་ཆེན་ཡོངས་ཀྱི་ལྗོངས་ཁུལ་ཆེན་མོ19གོང་འཕེལ་གྱི་མདུན་ལྗོངས་ཡངས་པའི་ལྗོངས་ཁུལ་དུ་འཛུགས་སྐྲུན་བྱ་རྒྱུ་རེད། ལྗོངས་ཁུལ་རེ་རེའི་ལོའི་ཡུལ་སྐོར་བ་མི་ཐེངས་ཁྲི300ཡན་ལ་བསླེབས་པར་བརྩོན་ལེན་བྱ་དགོས་པ་དང་ཕྱོགས་བསྡུས་ཀྱི་ཡོང་སྒོ་ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར25ཡན་ཡིན་ལ། ཚོང་རའི་གཞི་ཁྱོན་ཆགས་ནས་ས་གནས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་ངང་གོང་འཕེལ་གྱི་རྒྱུ་རུ་གྱུར་ཡོད།
སྔར་ལས་ལྷག་པར་དུ་ལྗོངས་ཁུལ་ཆེན་མོ་སྒྱུར་བཅོས་འཛུགས་སྐྲུན་གྱི་ལས་གཞི་སྐུལ་སྤེལ་དང་མགྱོགས་སུ་གཏོང་ཆེད་ཀན་སུའུ་ཞིང་ཆེན་གྱིས་འཁོར་སྐྱོད་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་དང་ལྗོངས་ཁུལ་ཆེན་མོ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ནས། “གཅིག་གྱུར་གྱིས་འཆར་འགོད་དང་གཅིག་གྱུར་སྒོས་དོ་དམ། གཅིག་གྱུར་སྒོས་འཛུགས་སྐྲུན། གཅིག་གྱུར་སྒོས་སྲུང་སྐྱོབ”བཅས་ཀྱི་ལྗོངས་ཁུལ་ཆེན་མོ་འཁོར་སྐྱོད་དོ་དམ་སྒྲིག་སྲོལ་ལམ་ལུགས་གྲུབ་ནས། དེང་རབས་ཁེ་ལས་ལམ་ལུགས་དང་ཁྲིམས་མི་སྒྲིག་བཅོས་སྒྲིག་གཞི་ལྟར་ལྗོངས་ཁུལ་ཆེན་མོའི་ཡུལ་སྐོར་གསར་སྤེལ་ཀུང་སི་བཙུགས།
2018ལོའི་ལོ་མཇུག་སྔོན་དུ། ལན་ཀྲོའུ་གྲོང་ཁྱེར། ཐེན་ཧྲུའེ་གྲོང་ཁྱེར། ཕིན་ལིའང་གྲོང་ཁྱེར། ཀན་ལྷོ་ཁུལ། ལིན་ཞ་ཁུལ་བཅས་ཀྱིས་ཧུར་བརྩོན་སྒོས་ཀན་སུའུ་ཞིང་ཆེན་ནགས་ལས་ཐིང་དང་མཐུན་སྦྱོར་བྱས་ནས། ཞིང་ཆེན་རིམ་པའི་གཙོ་གཉེར་སྡེ་ཁག་གིས་འཁོར་སྐྱོད་དབང་ཆ་གཤམ་སྤྲོད་བྱས་པའི་ཞིན་ལུང་རི་བོ་དང་མའེ་ཅི་རི་བོ། འགོ་ནང་ཐང་། ཁུང་ཏུང་རི་བོ། སུང་མེ་ཡན་གནའ་བོའི་སྐྱེ་དངོས་འགྱུར་རྡོ་ས་གཤིས་སྤྱི་གླིང་བཅས་ལྗོངས་ཁུལ་ཆེན་པོ5ཡི་ཡུལ་སྐོར་འཁོར་སྐྱོད་དབང་ཆ་སོར་འབྱེད་རྩིས་སྤྲོད་བྱ་བ་གྲུབ།
2020ལོའི་མཇུག་ཐུག་བར་དུ། ལྗོངས་ཁུལ་ཆེན་མོ19ཡོད་པ་ཚང་མ་ཕྱོགས་ཡོངས་ནས་དོ་དམ་སྒྲིག་སྲོལ་ལམ་ལུགས་དེ་ཐོན་རྫས་མ་ལག་དང་ཞབས་ཞུའི་ནུས་པ། འགན་སྲུང་བྱེད་ནུས་སོགས་ཀྱི་ཐད་ཀྱི་སྒྱུར་བཅོས་དང་འཛུགས་སྐྲུན་ལས་འགན་འགྲུབ་རྒྱུ་ཡིན། དུས་མཚུངས་སུ། ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཡུལ་སྐོར་ཐོན་རྫས་ཀྱི་རིམ་པ་འཕར་བ། ལྗོངས་ཁུལ་ཆེན་མོའི་ཡུལ་སྐོར་ལས་གཞི་འཛུགས་སྐྲུན་མགྱོགས་སུ་བཏང་ནས། ཧུར་བརྩོན་སྒོས་ལོ་རེར་ཆ་སྙོམས་དོན་དངོས་སུ་གཏོང་དངུལ15%ཡན་འཕར་དགོས།།