ཤེས་རབ་བློ་ཡིས་མི་ཚེའི་ཁ་ཕྱོགས་བསྒྱུར།།ཕྱག་སོར་རྩལ་གྱིས་བཟོ་རིག་སྒྱུ་རྩལ་བསྐྱངས།།

ཤེས་རབ་བློ་ཡིས་མི་ཚེའི་ཁ་ཕྱོགས་བསྒྱུར།།ཕྱག་སོར་རྩལ་གྱིས་བཟོ་རིག་སྒྱུ་རྩལ་བསྐྱངས།།

——མདོ་སྨད་བླ་བྲང་ཡུལ་གྱི་ལྷ་རིས་སྒྱུ་རྩལ་བ་སངས་རྒྱས་ཚེ་བརྟན་གྱི་གནས་ཚུལ་བཀོད་པ།

2.jpg

ལྷ་རིས་སྒྱུ་རྩལ་བ་སངས་རྒྱས་ཚེ་བརྟན་ལགས་ཀྱིས་ལྷ་བཞེངས་པའི་ཚུལ།

3.jpg

 ཁོའི་དགེ་རྒན་བཀའ་དྲིན་ཅན་མཁས་པ་མགོན་པོ་ཚེ་བརྟན་བདེ་བཤེགས་ཚང་གི་སྐུ་པར།

དེ་ཡང་གངས་ཅན་བཅུ་ཕྲག་རིག་པའི་ནང་མཛོད་ཆེན་མོ།  སྐལ་ལྡན་རྗེས་སུ་འཛིན་པའི་རིག་གནས་ཀྱི་ཡ་གྱལ་དཔལ་ལྡན་བཟོ་རིག་པ་སྤྱི་དང་ཁྱད་པར་ལྷ་རིས་སྒྱུ་རྩལ་ལ་གཞན་དྲིང་མི་འཇོག་པའི་མཁས་པ། དངོས་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ། བོད་རྒྱུད་ནང་བསྟན་གྱི་ཐང་གའི་སྐུ་བརྙན་བཞེངས་མཁན་སྐད་གྲགས་ཅན་བླ་བྲང་ཡུལ་གྱི་སྔགས་པ་སངས་རྒྱས་ཚེ་བརྟན་ལགས་ནི་དགེ་བཅུ་གཡང་དུ་འཁྱིལ་བའི་གནས་མཆོག་གནམ་འོག་གི་བོད་རིག་པའི་སློབ་གླིང་དུ་གྲགས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁོར་སྔགས་པ་སྡེ་བ་ནས1970ལོའི་དཔྱིད་ཟླ་གསུམ་པར་སྐྱེས་ཤིང་། ཁོ་ནི་སློབ་གྲྭ་ཆུང་འབྲིང་སོགས་སུ་སློབ་གཉེར་བྱ་རྒྱུའི་སྐལ་བ་མ་ལྡན་ནའང་ཆུང་ངུའི་དུས་ནས་བཟུང་ཁོ་ལ་ལྷན་སྐྱེས་ཀྱི་རིག་པ་ལྡན་ལ་བྱ་བ་གང་སྒྲུབ་ཀྱང་བརྩོན་པའི་མཐའ་སྐྱོང་མཁན་ཞིག་ཡིན་པ་མ་ཟད།ཕ་མ་དང་རྒན་པ་ལ་བརྩི་བཀུར་ལྡན་པས་སྡེ་མི་ཚོས་ཀྱང་ཡིད་གཞུང་གཤིས་བཟང་གི་བྱིས་པ་ཡ་རབས་ཤིག་རེད་ཅེས་ཁོ་ལ་བསྟོད་ར་འཐེན་མཁན་གྱི་སྡེ་མི་གཅིག་གཉིས་ཙམ་མིན་པར་ཚང་མའི་ངག་ན་མགྲིན་གཅིག་ཏུ་གླེང་།

ཁོ་རང་ཆུང་བྱིས་པའི་དུས་ནས་བཟུང་རི་མོའི་ཤེས་བྱ་དང་དཔེ་རིས་ཀྱི་དཔེ་དེབ་དག་ལ་ལྟ་རྒྱུ་དགའ་བས་ཁོས་ས་སྨྱུག་དང་ཞ་སྨྱུག་གིས་གྱང་ངོས་དང་ཤོག་བུ་སོགས་སུ་རི་མོ་དག་ལད་མོ་བྱས་ནས་འབྲི་རྒྱུ་ཧ་ཅང་དགའ་ལ། དོན་སྟེང་ནས་ཀྱང་ལྷ་རིས་པ་སངས་རྒྱས་ཚེ་བརྟན་ཁོ་རང་ཆུང་དུས་ནས་རི་མོ་འབྲི་རྒྱུར་དང་ལྷ་བཞེང་སྲོལ་ལ་གཞན་ལས་ལྷག་པའི་དུངས་པ་ཆེ་བའི་ཁར་རྣམ་དཔྱོད་ལྡན་ལ། བཟོ་ཡི་རིག་བྱེད་ལ་ལྷན་སྐྱེས་ཀྱི་བློ་གྲོས་རྒྱས་པ་ཞིག་ཡིན་པ་མ་ཟད་བདག་གཞན་གཉིས་ཕན་གྱི་ལས་ལ་གཞོལ་མཁན་ཡིན་པ་ང་ཚོས་ཁོའི་མི་ཚེའི་བརྒྱུད་རིམ་གྱི་གླེགས་བམ་ཁྲོད་དུ་ཞུགས་གཅིག་གཅིག་གཉིས་གཉིས་སུ་བཀླག་ན།

མི་ཚེའི་དྭངས་གཙང་གི་ཤོག་དཀར་ངོས་སུ།། ཚོན་རིས་སྣ་ལྔ་ཡི་འཇིག་རྟེན་བསྐྲུན་པ།།

ལྷ་རིས་སྒྱུ་རྩལ་པ་སངས་རྒྱས་ཚེ་བརྟན་ལགས་རང་ལོ་བཅུ་གསུམ་སྟེ་1983་ལོའི་ཉིན་བཟང་སྐར་བཟང་གི་དུས་ཆེན་ཞིག་ལ་བླ་བྲང་སྔགས་པ་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་། སྐབས་དེར་སྔགས་པ་གྲྭ་ཚང་དུ་ཞལ་འཛུམ་དམུལ་ལེར། སྐུ་བདེ་འབོལ་ལེར།ཐུགས་ལྷོད་ཕྱམ་མེར་བཞུགས་པའི་གསང་སྔགས་རྙིང་མའི་ཕྱོགས་ཀྱི་མཁས་པ་རྒན་དམ་པ་པདྨ་རིག་འཛིན་ལགས་ཀྱི་མདུན་ནས་ལོ་ངོ་མཐོང་གསུམ་ལྷག་ལ་བོད་ཡིག་གི་ཀ་ཁ་ནས་མགོ་བརྩམས་ཏེ་འབྲི་ཀློག་འདོན་གསུམ་ལ་བྱང་བར་བྱས། དེ་ནས་སྔོན་སྦྱངས་བག་ཆགས་ཤིག་གིས་ཆུང་དུས་ནས་ལྷ་རིས་འབྲི་བཞེངས་ཀྱི་ཕྱོགས་ལ་སྦྱང་འདུན་ཆེ་བས་རང་ལོ་བཅུ་དྲུག་སྟེ་1986ལོ་ནས་བཟུང་ཁོ་བོའི་དགེ་རྒན་བཀའ་དྲིན་ཅན་གྱི་ཕ་དམ་པ་ལྷག་པར་དུ་རྒྱལ་ཕྱི་ནང་གི་རི་མོའི་འབྲི་ཐབས་ཕྱོགས་ལ་མངའ་བརྙེས་པའི་ལྷ་བཟོ་སྐད་གྲགས་ཅན།ནང་བའི་གྲུབ་མཐའ་གསར་རྙིང་ལ་སྦྱངས་ཤིང་རིག་གནས་ཆེ་ཆུང་བཅུ་ལ་ཐོས་པ་མི་དམན་པའི་མཁས་པ་མགོན་པོ་ཚེ་བརྟན་བདེ་གཤེགས་ཚང་གི་མདུན་ནས་སྐུ་འདྲ་བཞེངས་སྲོལ་དང་བཟོ་བ་རིག་གི་རིག་པའི་གཞུང་ལ་མགོ་འབུལ་ལུས་འབུལ་བྱས་ཏེ་བག་ཆགས་གཏིང་ཟབ་མོ་ཞིག་བཞག་པ་མ་ཟད་གསེར་ཚོན་དང་རྡོ་ཚོན།དངུལ་ཚོན་སོགས་ཚོན་འདེབས་བདར་སྲོལ་དང་། ལྷ་བཟོ་ཡི་ཐོག་མའི་ཕྱག་ལེན་གྱི་རས་གཞི་དབུར་བ་དང་སྐྱ་ཐང་། པིར་བཟོ་སོགས་ཞིབ་ཚགས་པའི་སྟེང་ལ་རས་ངོས་སུ་སྐྱ་ཐིག་ཕབ་སྟངས། ཚོན་སྡེབ་སྟངས། ཚོན་བྱུགས་པ། ཚོན་བྱུགས་པའི་སྐབས་སུ་ཐོག་མར་ཚོན་རིས་གང་ཕབ་འབྲི་བྱ་དགོས་པ་དང་བར་དུ་གང་བཞེངས་པ། ཐ་མར་ཅི་ལྟར་མཇུག་བསྡུ་སྟངས་བཅས་ཚོན་སྦྱོར་གྱི་ལག་ལེན་གྱི་བརྒྱུད་རིམ་སོགས་བོད་རང་གི་ཐུན་མོང་མ་ཡིན་པའི་ལྷ་རིས་བཞེངས་སྲོལ་གྱི་གོ་རིམ་དག་ཅིང་ནང་འགལ་མ་བྱུང་བའི་ངོ་བོའི་སྟེང་ནས་བོད་ཀྱི་ལྷ་རིས་ཀྱི་རྨང་གཞི་ལེགས་པོ་བཏིངས་ཤིང་མན་ངག་དག་ཁོངས་སུ་ཆུད་པར་བྱས།དེ་ལྟར་རྣམ་རྒྱུན་གྱི་དགེ་རྒན་དམ་པའི་སློབ་སྟོན་དང་རང་གི་བརྩོན་པའི་སྙིང་སྟོབས་ཀྱི་གོ་ཆ་མ་དོར་བར་བརྟེན། བོད་ཀྱི་སྲོལ་རྒྱུན་རི་མོ་ལ་རྡོ་རུས་གཏུག་པ་ལྟར་ཧུར་བརྩོན་གྱི་ལག་ལེན་བྱས་ཤིང་། བོད་བརྒྱུད་ནང་བསྟན་གྱི་ཐང་གའི་རི་མོ་འབྲི་བཞེངས་དང་། ལྡེབས་རིས། སྐུ་གཟུགས་ཀྱི་ཐིག་རྩ་དང་བཟོ་རིག་བྲིས་རྒྱུན་གྱི་རི་མོའི་མན་ངག་སོགས་གཞུང་ལུགས་ཀྱི་ཤེས་བྱ་དང་འབྲི་ཐབས་ལག་རྩལ་དང་བཅས་པ་སྦྱངས་ཤིང་ལྷ་རིས་འབྲི་བཞེངས་ལ་འབད་པ་ཆེན་པོས་རྒྱུན་བསྲིངས་ཏེ་ལྷ་རིས་བཟོ་རྩལ་ལ་ནང་བྱན་ཆུད་ཅིང་། ལྷ་བཟོའི་སྒྱུ་རྩལ་གྱི་ཕྱོགས་སུ་རང་གི་མི་ཚེ་བསྟིམས་པའི་ལྷ་རིས་པ་རྣམ་དག་ཅིག་ཏུ་གྱུར་པས་དགེ་རྒན་ལགས་དང་རྒྱ་ཆེའི་དམངས་ཚོགས་ཀྱིས་ཁོ་ལ་བསྟོད་པའི་མེ་ཏོག་གཏོར། ལྷག་པར་དུ་1989ལོར་ཁོ་རང་ལོ་བཅུ་དགུ་ལ་སོན་སྐབས་བླ་བྲང་ཕྱོགས་ཀྱི་ཐང་གའི་སློབ་དཔོན་ཆེན་མོ་ཆོས་འཕེལ་བདེ་གཤེགས་ཚང་གི་སྐུ་མདུན་ནས་ལོ་ངོ་ལྔའི་རིང་ལ་ལྷ་སྐུའི་ཐིག་རྩ་ཕབ་སྟངས་དང་འབྲི་བཞེངས།ཚོན་བྱུགས་སྟངས་བཅས་ཀྱི་ཐད་ནས་ཞིབ་ཅིང་ཕྲ་བར་ཚགས་ཐོན་པའི་སྒོ་ནས་རི་མོའི་སྒྱུ་རྩལ་སྐོར་གྱི་ཤེས་བྱ་སྣ་མང་ལ་འབད་པ་ལྷོད་མེད་ཀྱིས་སྦྱོང་བའི་སྐལ་བཟང་མངོན་དུ་ཤར།

དེ་ལྟར་ལྷ་རིས་པ་སངས་རྒྱས་ཚེ་བརྟན་གྱིས་གངས་ཅན་བཟོ་རིག་གི་གཞུང་ལུགས་ལག་ལེན་གྱི་ཕྱོགས་ལ་མངའ་བརྙེས་པའི་རིས་མེད་སྐྱེས་ཆེན་མང་པོའི་ཞབས་པད་ཚུལ་བཞིན་དུ་བསྟེན་ནས་སློབ་གཉེར་ཡང་དག་ཅིག་མཛད་དེ་སྒར་བྲིས་ཀྱི་ཞལ་ཐང་དངོས་འབྲི་བའི་མན་ངག་དང་བྲིས་རྒྱུན་སོགས་བློ་ལ་ཅི་ཐུབ་ཀྱིས་ལྷ་རིས་འབྲི་ཚུལ་སྣ་ཚོགས་ཀྱི་ནུས་རྩལ་ལ་ཡང་དང་བསྐྱར་དུ་ཟབ་སྦྱོང་དུ་མར་མཛད།དེ་ལྟར་ལྷ་རིས་པ་སངས་རྒྱས་ཚེ་བརྟན་ཁོས་དཀའ་བ་ཁྱད་བསད་ཀྱིས་ལྷ་བཟོའི་དགེ་རྒན་གང་མང་ལ་བསྟེན་པའི་བཀའ་དྲིན་གྱིས་བཟོ་རིག་པའི་རྨང་གཞིའི་ནུས་པ་ལ་འགྱུར་བ་ཆེན་པོ་བྱུང་ཞིང་རང་རྒྱུད་ལའང་ལྷ་རིས་བྲིས་རྒྱུན་གྱི་ཕྱག་ལེན་ཆོ་ག་སྤེལ་སྟངས་ཀྱི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་པས་སྦྱངས་འབྲས་ཀྱང་རྩེ་གྲས་སུ་ཕྱིན་པ་རེད། ངོ་མ། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་ཞེས་གསུངས་པ་བཞིན། ལྷ་རིས་པ་སངས་རྒྱས་ཚེ་བརྟན་གྱིས་རང་ལོ་ཉི་ཤུ་རྩ་བཞི་ནས་བཟུང་རང་སྟོབས་རང་སྤེལ་གྱིས་ལྷ་བཞེངས་ཞོར་དུ་བོད་རང་གི་སྲོལ་རྒྱུན་གྱི་རི་མོའི་གཞུང་ལུགས་དང་ལག་ལེན་དག་ལ་ལྷག་བསམ་རྣམ་དག་གིས་ཐོས་པ་མ་བཏང་བའི་ངང་འབད་པ་གནང་བས་ལྷ་རིས་འབྲི་རྩལ་གྱི་གཤོག་ཟུང་ཐོགས་ཤིང་རིག་ལམ་གྱི་མཐིལ་རྟོགས་པའི་མི་ཚད་དེང་རབས་རི་མོའི་སྒྱུ་རྩལ་གྱི་གཞུང་ལུགས་དང་ལག་ལེན་དག་ལའང་བརྩོན་པ་ལྷུར་བླངས་ཏེ་ནང་བྱན་ཆུད་པར་སྦྱངས་པས་གཡུར་དུ་ཟ་བའི་སྟོན་ཁ་ཞིག་ཐོབ་པས་ལས་རིགས་གཅིག་པའི་ལྷ་རིས་སྒྱུ་རྩལ་བ་དག་གི་མིག་གིས་ལྟ་ས་རུ་གྱུར།

4.jpg

ལྷ་རིས་སྒྱུ་རྩལ་བ་སངས་རྒྱས་ཚེ་བརྟན་གྱིས་ཁྲོ་བོ་ལུགས་ཏེ་ཕྱག་རྡོར་གྱི་ཚོགས་ཞིང་བཞེངས་པའི་ཚུལ། 

5.jpg

 སྐལ་ལྡན་རྗེས་སུ་འཛིན་པའི་བུ་སློབ་དག་དང་མཉམ་དུ་བསྐྱོན་པའི་འདྲ་པར།

བཟོ་རིག་བསྟན་པ་རྒྱས་པའི་ཕྱིར།། སྐལ་ལྡན་བུ་སློབ་རྗེས་སུ་བཟུང་།།

ཇི་སྐད་དུ། སྲིད་པ་རྒད་པོའི་ཁ་དཔེ་ལའང་། མིས་ཅི་བཤད་ལ་མ་ཉན་ཅི་བྱེད་ལ་ལྟོས་ཟེར་བ་བཞིན། ང་ཚོས་ཀྱང་གཞན་གྱི་གྲགས་སྐམ་འུད་ཀྱི་རྗེས་སུ་མི་འབྲངས་པར་རླབས་ཆེན་གྱི་བྱ་བཞག་སྒྲུབ་མཁན་དག་གི་བླ་མེད་ཀྱི་སྤྱོད་བཟང་དེ་ལས་ང་ཚོས་རང་སོ་སོའི་རྐང་རྗེས་ལའང་ཚད་མས་གཞལ་ནུས་པ་རེད། ལྷ་རིས་པ་སངས་རྒྱས་ཚེ་བརྟན་ལགས་ཀྱིས་འཕྲལ་གྱི་ངལ་བ་ཙམ་ལ་དཔའ་མི་ཞུམ་པའི་སྙིང་སྟོབས་དང་བརྩོན་པ་ཆེན་པོས་གངས་ཅན་གྱི་ལྗོངས་ལ་ལྷ་རིས་སྒྱུ་རྩལ་བ་སྐྱོང་བའི་ལས་ལ་མ་སྐུལ་དང་བླང་གིས་ཞུགས་ཏེ་སྤྱི་ལོ་1998ལོ་སྟེ་ཁོ་རང་ལོ་ཉེར་བརྒྱད་ཀྱི་སྟེང་ནས་བཟུང་། རང་གི་ལྷ་བཟོའི་བྲིས་རྒྱུན་ཕྱག་བཞེད་དེ་སྐལ་ལྡན་བུ་སློབ་སྐྱོང་བའི་བགོ་སྐལ་དུ་བསྩལ་བར་འདོད་ནས་བླ་བྲང་སྔགས་པ་གྲྭ་ཚང་གི་ལྕང་ལོ་གོས་དཀར་ཅན་གྱི་སྡེ་གཙོ་བྱས་ཀན་ལྷོའི་ས་ཁུལ་གྱི་ཅོ་ནེ་ནས་ཡོང་བའི་སློབ་མ་དང་བསང་ཆུའི་འགྲམ་རྒྱུད་ནས་ཡོང་བའི་སློབ་མ། གཞན་སྨད་སོག་ནས་ཡོང་བའི་སློབ་བུ་སོགས་སེར་སྐྱ་རིས་མེད་དང་ཕོ་མོ་རིས་མེད། མི་རིགས་རིས་སུ་མ་བཟུང་བར་སློབ་མ་ལྷ་རིས་པ་མང་པོ་བསྡུ་ལེན་བྱས་ཏེ་རང་གི་ཡང་མེས་ཀྱི་ཤུལ་བཞག་བཟོ་རྩལ་གྱི་ལྷ་རིས་བྲིས་རྒྱུན་གྱི་སྒྱུ་རྩལ་དང་ཁྲིད་རྒྱུན་དག་སེར་སྣ་མེད་པར་བུམ་པ་གང་བྱོའི་ཚུལ་དུ་སློབ་བུ་ཚོར་བསྩལ། ཁོས་སློབ་བུ་རྣམས་ལ་ལྷ་རིས་འབྲི་བཞེངས་ཀྱི་དཔེ་ཁྲིད་ཀྱི་རྒྱུན་སྐྱོང་ཞོར་དུ་2000ལོ་སྟེ་རང་ལོ་སུམ་ཅུའི་སྟེང་ནས་བཟུང་བླ་བྲང་སྔགས་པ་གྲྭ་ཚང་གི་དཀོར་གཉེར་གྱི་འགན་འཁྲི་དང་དུ་བླངས་ཤིང་ལོ་ངོ་བདུན་ལྷག་ལ་ལྷ་ཁང་གི་ཕྱིའི་ར་བ་དང་ནང་གི་སྐུ་གསུང་ཐུགས་རྟེན་བཅས་ལ་གཟབ་ནན་དང་ཞིབ་ཚགས་པས་རང་དོན་རྗེས་ལ་བསྐྱུར་བ་དང་གཞུང་དོན་སྔོན་ལ་བཟུང་ནས་སྤྱི་ཕན་གྱི་ལས་ལ་གཞོལ་བས་གྲྭ་ཚང་གིས་བསྟོད་བསྔགས་མང་དུ་ཐོབ། དེ་ནས་ཁོ་རང་ལོ་སུམ་ཅུ་སོ་བདུན་གྱི་སྟེང་ནས་བཟུང་སྔགས་པ་གྲྭ་ཚང་གི་དོ་དམ་ཁང་གི་ཀྲུའུ་རིན་གྱི་འགན་ལོ་ངོ་བརྒྱད་ལྷག་ལ་འཁུར་ཏེ་ལོ་རེའི་འཆར་ཅན་གྱི་ཆོས་ལུགས་ཆོ་ག་དང་བདག་དམ་འཕེལ་རྒྱས་ཕྱོགས་ལ་བསམ་པ་རྣམ་དག་གིས་འགན་གཅིག་ལྕོགས་སུ་བཞེས་ཤིང་ནུས་པ་གང་ཡོད་བཏོན། ལྷ་རིས་པ་སངས་རྒྱས་ཚེ་བརྟན་ལ་དུས་ཚོད་ཧ་ཅང་བྲེལ་ཟིང་ཆེ་ནའང་། ཁོས་དཔེ་ཁྲིད་མི་སྐྱོང་གི་ལས་ཀ་ལོགས་སུ་མི་བསྐྱུར་བར་ཁོམ་ལོང་གི་དུས་ཚོད་བཙལ་ཏེ་བྱམས་དང་བརྩེ་བས་སློབ་བུ་སྐྱོང་བའི་ལས་སུ་གཞོལ་ཏེ། སློབ་བུ་དག་ལ་ཐོག་མར་བདག་ཅག་གི་སྟོན་སྐུ་ལུས་རྗེན་གྱི་ཞི་བའི་ལུགས་དང་དེ་ནས་ལྷ་ཁྲོ་བོ་རིགས་ནས་ཕྱག་ན་རྡོ་རྗེའི་དབུ་རིས་བཞེངས་སྲོལ་སོགས་ཐོག་མའི་ལུས་རྗེན་གྱི་འབྲི་སྲོལ་དང་དེ་ནས་ལྷ་སྐུ་ལ་ན་བཟའ་འབྲི་སྟངས་སོགས་གོ་རིམ་ལྟར་དཔེ་འཁྱུད་མི་གནང་བར་སློབ་བུ་རྣམས་ལ་གདམས་ཤིང་བསྩལ་བ་རེད། ལྷ་རིས་པ་སངས་རྒྱས་ཚེ་བརྟན་གྱིས་བཤད་རྒྱུར། ལྷ་རིས་རི་མོ་ལ་སློབ་གཉེར་གནང་མཁན་ཞིག་ཡིན་ཚེ།སྟོན་པའི་ལུས་རྗེན་གྱི་སྐུ་གཟུགས་ཞི་བའི་འབྲི་ལུགས་དང་ལྷའི་ཁྲོ་བོའི་འབྲི་ལུགས་བཅས་གཉིས་བྱང་ཆུབ་ན་གཞན་པའི་ལྷ་རིས་རི་མོ་གང་བཞེངས་ཀྱང་ལས་སླ་མོས་འགྲུབ་ཅིང་འབྲི་ཐུབ་ཞེས་སློབ་མ་རྣམས་ལའང་འབྲི་ལུགས་དེ་གཉིས་བྱང་ཆུབ་པར་བསླབས་སུ་བཅུག་པ་དང་དེ་ནས་རས་གཞི་ལེགས་པོར་བཟོ་སྒྲིག་དང་། ཐིག་རྩ། སྐྱ་རིས། སྣག་རིས། སྐྱ་ཐང་། རས་གཞི་འདུལ་བ་དང་ཚོན་སྡེབ། སྔོན་འགྲོའི་ཐིག་དང་ས་བཅད་བགོ་ཚུལ། རི་མོ་དགོད་ཚུལ་སོགས་རིམ་པ་བཞིན་མཛུབ་ཁྲིད་གནང་སྟེ་སློབ་མ་ལྷ་རིས་པ་རབས་དུ་མ་བསྐྱངས་ཤིང་ད་ལྟ་སྤྱི་ཚོགས་ཀྱི་ལས་གནས་སོ་སོ་ནའང་ཁོའི་སློབ་མ་གང་མང་གིས་ལྷ་རིས་སྒྱུ་རྩལ་གྱི་བསྟན་པ་རྒྱུད་འཛིན་དར་སྤེལ་ལ་ནུས་པ་བཏོན་དང་འདོན་བཞིན་གདའ།

ད་ལྟའང་ད་དུང་ལྷ་རིས་པ་སངས་རྒྱས་ཚེ་བརྟན་ལགས་ཀྱིས་མུ་མཐུད་དུ་སློབ་མ་ལྷ་རིས་པ་གང་མང་བསྐྱངས་པའི་ཞོར་དུ་ལྷ་རིས་འབྲི་བཞེངས་ཀྱི་ཆུ་རྒྱུན་ཆད་དུ་མ་བཅུག་པར་ཐང་ག་ཧ་ཅང་མང་པོ་ཞིག་བཞེངས་ཤིང་བསྐྲུན་འདུག  ཁོས་བཤད་ན། ལྷ་བཞེངས་པ་ནི་རིག་གནས་ཤིག་རྒྱུད་འཛིན་བྱས་པ་ཡིན་ལ་ཚོགས་བསོགས་དགེ་སྦྱོར་གྱི་རིགས་ཤིག་ཀྱང་ཡིན་པ་མ་ཟད། རང་སེམས་རྣལ་ལ་འབབ་བྱེད་བཅས་ཀྱི་དགེ་མཚན་བགྲང་ལས་འདས་པ་ཡོད་ཟེར། དེ་བས་ཁོ་རང་ད་ལྟ་ལོ་ན་མཐོ་སར་བསླེབས་ནའང་མུ་མཐུད་དུ་ལྷ་རིས་འབྲི་བཞེངས་ཀྱི་སེམས་འདུན་མ་ཡལ་བར། ལོ་ངོ་གཅིག་གི་ཡུན་ལ་ལྷ་གྲངས་མང་བའི་ཐང་ག་དང་ཚོགས་ཞིང་གི་རིགས་གཉིས་ནས་གསུམ་བར་བཞེངས་ཀྱིན་ཡོད་ལ་ཐང་ག་ཆུང་བའི་རིགས་བཅུ་ལྷག་ཙམ་བཞེངས་ནས་ལྷ་རིས་འབྲི་བཞེངས་ཀྱི་རྒྱུན་བསྐྱང་དང་སྐྱོང་མུས་སུ་ཡོད་ཞེས་ཟེར། རེད་དེ། ང་ཚོས་ཀྱང་ལྷ་རིས་པ་སངས་རྒྱས་ཚེ་བརྟན་གྱི་སྙིང་སྟོབས་དང་ཐང་གའི་རིག་གནས་ལ་བཟུང་བའི་བསམ་པ་རྩེ་གཅིག་པ་ལ་སློབ་སྦྱོང་དང་ཡི་རང་བྱ་དགོས་པར་སྙམ་མོ།།

 6.jpg

 སྒྲོལ་དཀར་གྱི་ཚོགས་ཞིང་བཞེངས་པའི་ཚུལ།  

མི་ཚེའི་ལྗང་མདོག་གི་སྡོང་བོ་ལ།། གཡུར་ཟའི་གྲུབ་འབྲས་ཀྱི་ལོ་འདབ་རྒྱས།།

1987ལོ་དེར་ཁོ་རང་ལོ་བཅུ་བདུན་ལ་སོན་ཞིང་སྐབས་དེར་ཁོས་ལྷ་བཟོ་རྒན་གྲས་དག་དང་མཉམ་སྒྲུབ་སྒོས་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་གི་སྒོ་ཆེན་ལོགས་ངོས་ཀྱི་རྒྱལ་ཆེན་རིགས་བཞིའི་ལྡེབས་རིས་ཆེན་མོའི་འབྲི་བཞེངས་ལ་ཐང་གའི་ཚོན་བདར་བ་དང་ཚོན་བྱུགས་པ། མགོ་རྔ་བར་གསུམ་ལ་ལག་རོགས་ཀྱི་མཐའ་བསྐྱངས་ཏེ་ལེགས་གྲུབ་བྱུང་ཞིང་གྲྭ་མང་གིས་དགའ་བསུའང་ཐོབ།

1993ལོ་དེར་བླ་བྲང་དགོན་པའི་བཙུགས་ཤིང་ཆེན་མོའི་ནང་དུ་དུས་འཁོར་གྱི་བློས་བསླངས་ཚང་མ་ཁོ་གཅིག་པུས་ལེགས་གྲུབ་བྱུང་དུ་བཅུག་ནས་མཐར་བསྐྱངས།

2000ལོར་རང་ལོ་སུམ་ཅུ་བསླེབས་སྐབས་སུ། ཡང་བླ་བྲང་དགོན་པའི་དུས་འཁོར་གྲྭ་ཚང་སྤྱི་དབང་ནང་གི་དུས་འཁོར་གྱི་བློས་བསླངས་དང་གོ་ལའི་གྱན་ཐང་གཉིས་བཞེངས་གྲུབ་བྱུང་། བླ་བྲང་སྔགས་པ་གྲྭ་ཚང་གི་ཕྱིའི་ལྕགས་རིའི་མ་ཎི་འཁོར་ཁང་ནང་དུ་ཤིང་རིས་རི་མོ་བཅས་ཀྱི་བཟོ་རྩལ་མི་འདྲ་བའི་ཁྱད་ཆོས་ཐོན་པར་བྱས་ནས་གསོན་ཉམས་ལྡན་པའི་རི་མོ་ཕབ་པས་རྒྱ་ཆེའི་དད་ལྡན་མང་པོའི་ཡིད་ལ་ཐར་བའི་ས་བོན་བསྐྲུན།གཞན་ཡང་རོང་ངར་དགོན་ལ་གྱན་ཐང་བྲིས་ཤིང་། རྨ་ཆུའི་མཚན་སྒྲོགས་དགོན་པ་སོགས་ཀྱི་འདུ་ཁང་དང་ལྷ་ཁང་། མ་ཎི་འཁོར་ཁང་བཅས་སུ་ཤིང་རིས་དང་སྡེབས་རིས་སོགས་བཞེངས།

དེ་མིན་བསང་ཆུ་རྫོང་རིག་གནས་ལས་ཁུངས་དང་ཀན་ལྷོ་ཁུལ་རིག་དངོས་བཤམ་སྟོན་ཁང་གི་གནད་ཡོད་མགོ་ཁྲིད་དང་ལས་འཛིན་པ་དག་གིས་ཁོང་གིས་བྲིས་པའི་ཐང་ག་ལ་གདེངས་འཇོག་ཚད་མཐོན་གནང་པ་མ་ཟད།ས་གནས་ཀྱི་དངོས་མང་བཤམ་སྟོན་ཁང་སོགས་སུ་བཤམས་ཏེ་ཕྱོགས་ཡོངས་མགྲོན་པོ་ཚོའི་མིག་གི་དགའ་སྟོན་དུ་གྱུར་ཡོད་དོ།།

གཞན་ས་ཁུལ་གཞན་པ་དང་ཚོགས་སྡེ་གཞན་པས་ཁོང་རང་ཆེད་དུ་གདན་འདྲེན་ཀྱང་གང་མང་ཞུས་ཤིང་།ལྷག་པར་དུ་རེབ་གོང་ཕྱོགས་ཀྱི་ལྷ་རིས་པ་མང་པོས་ཆེ་ཚད་ལ་རྨིད་སྟོང་ལྷག་གི་ཞལ་ཐང་ཆེན་མོ་བཞེངས་བསྐྲུན་སོགས་སུ་གདན་འདྲེན་ཡང་ཡང་གནང་ཡང་གྲྭ་ཚང་གི་སྒྲིག་ལམ་དང་སློབ་བུ་སྐྱོང་བར་དམིགས་ནས་མ་ཕེབས།

ལྷ་རིས་པ་སངས་རྒྱས་ཚེ་བརྟན་གྱིས་ནམ་རྒྱུན་དུ་སློབ་བུ་རྣམས་ལ་ཐོག་མའི་རི་མོ་འབྲི་བར་འདི་ལྟར་གདམས་པ་སྟེ།ཐོག་མར་སྟོན་པའི་སྐུ་ཞིག་བཞེངས་འབྲི་བྱ་དགོས་ན། ཐོག་མར་ནམ་མཁའ་དང་ས་གཞི་ལ་ཚོན་རིས་ཕབ་པ།དེ་ནས་ཤིང་དང་ལོ་འདབ། མེ་ཏོག་སོགས་ལ་ཚོན་རིས་བྲིས་པ། དེ་ནས་སྟོན་པའི་ན་བཟའ་དང་སྐུ་ཤ་སོགས་ལ་ཚོན་རིས་བྱུགས་པ། དེ་ལས་ཀྱང་ནང་གསེས་ཀྱི་བཅད་ཕབ་སྟངས།ཐ་མར་སྤྱན་ཚོན་ཕབ། དེ་བས་གསེར་བྲིས་འཐེན་པ་བཅས་ཀྱི་ཕྱག་ལེན་བྱ་སྟངས་མ་ནོར་བ་བཅས་ཡིན་དགོས་ལ་དེ་ལྟར་སྣང་མེད་དུ་གཏོང་མི་རིགས་པའི་ཕྱོགས་ནས་སློབ་བུ་རྣམས་ལ་བྲིས་རྒྱུན་ཇི་བཞིན་མ་གསང་བར་གདམས་པའི་ཚུལ་དུ་གནངས།

7.jpg

ལྷ་རིས་སྒྱུ་རྩལ་བ་སངས་རྒྱས་ཚེ་བརྟན་གྱིས་བཞེངས་པའི་ཞལ་ཐང་ལ་དགེ་རྒན་ཚང་གིས་གཟིགས་པའི་ཚུལ།

མི་ཚེའི་ཤིང་རྟ་ཡི་འཁོར་ལོ་ལ།། ལྷ་རིས་སྒྱུ་རྩལ་གྱི་རྟ་མཆོག་འཁོར།།

བོད་ཀྱི་ལྷ་རིས་སྒྱུ་རྩལ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཚབ་མཚོན་རང་བཞིན་ཅན་གྱི་སྒྱུ་རྩལ་ཞིག་ཡིན་ཟེར་བ་བཞིན།ལྷ་རིས་པ་སངས་རྒྱས་ཚེ་བརྟན་ལགས་ཀྱིས་བྲིས་པའི་ཞལ་ཐང་བརྩམས་ཆོས་དག་ནི་དེ་ལས་མ་འདས་པར་སྣང་། ཁོའི་འབྲི་ལུགས་ལ་ཐུན་མིན་གྱི་ཁྱད་ཆོས་འདི་འདྲ་མངའ་སྟེ། ཚོན་རིས་ཞིབ་ཅིང་མཛེས་ལ། ཐིག་རིས་ཕབ་སྟངས་སླ་ཞིང་བྱང་རྩལ་ཆེ་བ། ཐིག་རྩའི་དམ་ལྷོད་རན་པ། གསེར་འགྱུར་གྱི་ཚོན་མདངས་བྱུགས་ཚུལ་བབ་ཆགས་ལ་དྭངས་གསལ་གཙང་གསུམ་ཡིན་པ། རིས་དབྱིབས་ཀྱི་ཕྲ་སྦོམ་སོགས་ཟུར་གང་ལ་བལྟས་ཀྱང་གཟི་བྱིན་འབར་བ།དང་བ་འདྲེན་པ། ལྷུན་ཆགས་པ་སོགས་ཀྱི་དཔལ་ཞུགས་པས་གསོན་ཉམས་འབུར་ཐོན་ཡོད་ལ་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། དེང་རབས་རི་མོའི་འབྲི་ལུགས་ཀྱིས་ཟུར་བརྒྱན་པས་ཁོའི་རི་མོ་ལ་གཞན་ལས་མངོན་པར་འཕགས་ཤིང་སྒྱུ་རྩལ་ཀུན་འདུས་ཀྱི་རིན་ཐང་ཡོད་པ་ཞིག་རེད་ཅེས་མི་དམངས་ཀྱི་ངག་ནས་མ་བགྲོས་གཅིག་མཐུན་གྱིས་ཁས་ལེན་གདེང་འཇོག་ཐོབ།

དེ་ནི་ཁོས་ཐང་གའི་ཞལ་ཐང་སྒྱུ་རྩལ་གྱི་རི་མོ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་དང་བགྲང་བྱ་དུ་མའི་རིང་གི་སློབ་སྦྱོང་གི་འབད་པ་དང་ཉམས་མྱོང་། ཞིབ་བསྡུར་དང་ལག་ལེན་བརྒྱུད་དེ་དེང་རབས་རི་མོའི་མཛེས་རྩལ་གྱི་རིག་པའི་གཞུང་ལུགས་དང་ཐབས་རྩལ་གྱི་གསར་སྐྲུན་ལས་བྱུང་ཞིང་རང་ཉིད་ཀྱི་ཐང་གའི་རི་མོ་འབྲི་བཞེངས་ཀྱི་བྱང་ཚད་ལ་ཉིན་ལྟར་ཡར་རྒྱས་སུ་ཕྱིན་པས་ཁོའི་རི་མོ་ལ་གཞན་དང་མི་མཐུན་པའི་འབྲི་རྩལ་གྱི་རང་གཤིས་ཆགས་ཡོད། གཞན་ཡང་། ཁོ་རང་ཐེངས་གང་མང་ལ་རྒྱལ་ཕྱི་ནང་གི་རི་མོ་བཤམས་སྟོན་གྱི་མཛད་སྒོ་ཆེ་གྲས་སུ་ཞུགས་ཤིང་ཐང་གའི་རི་མོ་དག་གཟིགས་འབུལ་བྱས་པས་སྤྱི་ཚོགས་དང་ལས་རིགས་སོ་སོ་ནས་ཁོ་ལ་བསྟོད་བསྔགས་གནང་ལ། ད་དུང་ཁོའི་རི་མོ་ཁ་ཤས་རྒྱལ་ཁབ་རིམ་པའི་ཤུལ་བཞག་སྲུང་སྐྱོབ་ཀྱི་གྲས་སུའང་ཚུད་པར་བྱས་ཡོད། རེད་ཡ། ལྷ་རིས་པ་སངས་རྒྱས་ཚེ་བརྟན་གྱིས་བོད་ཀྱི་བཟོ་རིག་པ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བཞག་ལ་སུས་ཀྱང་འགྲན་དཀའ་བའི་མཛད་རྗེས་རླབས་པོ་ཆེ་བཞག་ཡོད་ལ་བོད་ཀྱི་རི་མོའི་སྒྱུ་རྩལ་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་བར་འབད་བརྩོན་ལྷོད་མེད་བྱས་མཁན་ཞིག་ཡིན་པས་ང་ཚོས་ལྷ་རིས་པ་སངས་རྒྱས་ཚེ་བརྟན་གླེང་དུས།བོད་ཀྱི་ལྷ་རིས་ཐང་ག་གླེང་བ་ཡིན་ལ་བོད་ཀྱི་ཐང་གའི་རི་མོ་གླེང་དུས་ལྷ་རིས་པ་སངས་རྒྱས་ཚེ་བརྟན་གླེང་དགོས་པའི་ཚོད་དུ་བསླེབས་འདུག་ཟེར་ནའང་མི་ཆོག་པ་མེད་ལ་ངོ་གནོང་དགོས་པ་ཞིག་ཀྱང་མིན་པར་གླེང་རིན་ཡོད་པ་ཞིག་ཡིན་ནོ།།

8.jpg

9.jpg

ལྷ་རིས་སྒྱུ་རྩལ་བ་སངས་རྒྱས་ཚེ་བརྟན་གྱིས་བཞེངས་པའི་ཞལ་ཐང་།

2018ལོའི་སྤྱི་ཟླ6པའི་ཡར་ཚེས་ཉིན་ལ་སྦྱར།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།