ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་སྡེ་ཁག་གི་རྟོག་ཞིབ་ཚན་ཆུང་གིས་ཀན་ལྷོ་ཁུལ་གྱི་གཏིང་ཟབ་དབུལ་ཕོངས་ས་ཁུལ་གྱི་རིག་གནས་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ནོར་སྲིད་སི་ཡི་སི་ཀྲང་མ་ཆིན་ལིན་དང་ཀན་སུའུ་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ཅན་རེན་གྱིས་སྣེ་ཁྲིད་པའི་རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པ་ཁྲིད་དེ་ཀན་ལྷོ་ཁུལ་གྱི་གཏིང་ཟབ་དབུལ་ཕོངས་ས་ཁུལ་གྱི“ཆུས་གཅིག་དང་ཁུལ་གཅིག”གི་རིག་གནས་འཛུགས་སྐྲུན་དང་རིག་གནས་དབུལ་སྐྱོར་ཐད་ཀྱི་བྱ་བར་རྟོག་ཞིབ་བྱས།

 ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་ཁུལ་ཨུའི་རྒྱུན་ཨུའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་དབྱང་ཞུན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀའོ་ཞའོ་ཏུང་བཅས་ཀྱིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།

རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པ་སྔ་གཞུག་ཏུ་བསང་ཆུ་རྫོང་བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་ལས་གཞིའི་ཡུལ་དངོས་དང་། བསང་ཆུ་རྫོང་རིག་གནས་ཐོན་ལས་ཁུལ་གྱི་ལས་གཞི། བསང་ཆུ་རྫོང་འབེལ་དཀར་རིག་གནས་རྒྱུད་འཛིན་དང་དར་སྤེལ་དངོས་མང་བཤམས་སྟོན་གླིང་། འདོད་འཇོ་ཐང་ག་བཤམས་སྟོན་ལྟེ་གནས། གཙོས་གྲོང་ཁྱེར་དུང་ཕྲུག་གནས་རིའི་བོད་ཀྱི་རིག་གནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཉམས་ཞིབ་ཁུལ་བཅས་སུ་སོང་ནས་རིག་གནས་ཡུལ་སྐོར་སྡེ་ཁག་གི་གནས་ཚུལ་ཐད་ཀྱི་མཚམས་སྦྱོར་ཞུས་པར་ཉན།

ཀྲའོ་ལིན་ཡུན་གྱིས་ཀན་ལྷོ་ཁུལ་གྱི་དངོས་མང་བཤམས་སྟོན་ཁང་དང་ཚན་རྩལ་ཁང་། འཆར་གཞི་ཁང་བཅས་འཛུགས་སྐྲུན་གྱི་གནས་ཚུལ་མཚམས་སྦྱོར་བྱས། ཁོས་བཤད་པར། འཛུགས་སྐྲུན་བྱེད་འགོ་བརྩམས་ཟིན་པའི་ལས་གཞི་འདི་གསུམ་ནི་རང་ཁུལ་གྱི་སྤྱི་སྤྱོད་རིག་གནས་ཞབས་ཞུའི་མངའ་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་བ་དང་སྤྱི་ཚོགས་ཀྱི་ཚུར་སྣང་བྱེད་པ་ཆེས་ཆེ་བའི་ལས་གཞི་ཞིག་ཡིན་པ་དང་། རང་ཁུལ་གྱིས་ལས་གཞི་འདི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པའི་ལྟེ་གནས་སུ་འཛུགས་སྐྲུན་བྱས་ནས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་ངེས་ཡིན།

རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པས་ཀན་ལྷོ་ཁུལ་གྱི་སྤྱི་སྤྱོད་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྲུབ་པའི་གནས་ཚུལ་དང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། རྟོག་ཞིབ་ཚན་ཆུང་གིས་བསམས་པར། ཉེ་བའི་ལོར། ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་སྤྱོད་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ནས། རིག་གནས་སྒྲིག་གཞི་བཅོས་སྒྲིག་ལ་སྐུལ་སྤེལ་དང་། སྤྱི་སྤྱོད་ཞབས་ཞུའི་རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་། མི་རིགས་རིག་གནས་དར་སྤེལ་ཐད་ཀྱི་བྱ་བའི་རིག་ལམ་གསལ་བོ་དང་བྱ་ཐབས་ནུས་ལྡན་ཡིན་ལ་ཕན་འབྲས་འབུར་ཐོན་བླངས་ཡོད།

ཉེ་བའི་ལོར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛའ་བརྩེ་ཐུགས་ཁུར་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས2020ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ནས། མདོ་དབུས་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་སྔོན་དུ་སྤེལ་བའི་དཔེ་སྟོན་ཁུལ་གསར་འཛུགས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་དུ་སྤེལ་བའི་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་གསར་འཛུགས་ལ་དམིགས་ནས། རྒྱལ་ཁབ་ཀྱིས་བོད་ཁུལ་ལ་རོགས་སྐྱོར་དང་གཏིང་ཟབ་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རོགས་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་པོར་བཟུང་ནས། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་དོན་གོང་འཕེལ་ཆེན་པོ་བྱུང་། 2017ལོར་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་གྲངས་ཐེངས་ཁྲི1105.6སྣེ་ལེན་བྱས་ཤིང10.2%འཕར། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར51.5ཡོད་པ་དང12.3%འཕར། ད་ལོའི་ཟླ1པ་ནས4བའི་བར་དུ་ཁུལ་ཡོངས་སུ་ཡུལ་སྐོར་བ་མི་གྲངས་ཐེངས240.4ཡོད་པ་དང7.9%ཟིན་པ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར11.8ཡོད་པ་དང14.9%ཟིན།།                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།