ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་དཔའ་རིས་སུ་གནས་སྤོས་ཡུལ་མི་རི་ཁུལ་ནས་སྤོས་པས་འབབ་འཕར་ཐབས་ལམ་མང་དུ་ཕྱིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པ་ཞིང་པ་སུའུ་དབན་ལུའུ་ཡི་ཁྱིམ་གྱི་འགྱིག་ཤོག་དྲོད་ཁང་ཆེ་མོའི་ནང་སླེབས་རྗེས། ཁོང་གིས་གསར་འགོད་པ་ཉིན་འགའི་གོང་བཏུས་པའི་ཤ་མོ་སྒམ་གང་ལ་ལྟ་བར་ཁྲིད། ད་ཆའི་འཚོ་བའི་སྐོར་གླེང་སྐབས། སུའུ་དབན་ལུའུ་ཡིས“ད་ཆ་ཤ་མོ་བཏུས་ཀྱང་ཉོ་མཁན་འདུག་པས་སེམས་ཁྲལ་བྱེད་དགོས་ཀྱི་མི་འདུག ད་དུང་འགྲོ་ལམ་ཡང་ཡག་པོ་འདུག་པས་ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་སྐབས་སྟབས་བདེ་པོ་འདུག”ཅེས་བརྗོད་ཀྱི་འདུག

ལོ54ལ་སླེབས་པའི་སུའུ་དབན་ལུའུ་ད་ཆ་རྒྱ་ཁྱོན་སྨི་ངོས་གྲུ་བརྒྱ་ལ་ཉེ་བའི་སྡོད་ཁང་གསར་པར་སྤོས་པ་དང་། ཁོང་ལ་འགྱིག་ཤོག་དྲོད་ཁང་ཆེ་མོ2དང་རྨོ་ཞིང་མུའུ9ཡོད་ཅིང་། ཚ་བོ་དང་ཚ་མོ་ཁོང་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་། ཉིན་ལྟར་ཕྲུ་གུ་སློབ་གྲྭར་སྐྱེལ་བར་དུས་ཚོད་སྐར་མ་ཁ་ཤས་ལས་འགོར་གྱི་མེད། སུའུ་དབན་ལུའུ་ཡིས་ལོ་གཅིག་ལྷག་ཙམ་གྱི་གོང་ལ་དེ་དག་ཡིད་ལ་འཁོར་མྱོང་མེད་ཅེས་བཤད།

སུའུ་དབན་ལུའུ་ནི་ཀན་སུའུ་ཞིང་ཆེན་ཝུའུ་ཝུའེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ནས་ཡིན་པ་དང་། ལོ་གཅིག་གི་གོང་ཁོང་གི་ནང་མི་ཚང་མ་རྫོང་གྲོང་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ཆོད་ལ་རི་ཁུག་ཏུ་གནས་པའི་ཨན་ཡོན་གྲོང་རྡལ་དུ་འཚོ་བ་སྐྱེལ་གྱི་ཡོད། ས་ཕག་ཁང་པ་ཞིག་ཡོད་པ་དེའང་ཆར་པ་འབབ་དུས་རྡིབས་ཉེན་ཆེན་པོ་ཡོད་ཅིང་། ས་བབ་མཐོ་སར་པད་ཁ་ཁོ་ན་ལས་འདེབས་མི་ཐུབ་པས་ལོ་གཅིག་ལ་ཡོང་འབབ་མང་པོ་མེད།

2017ལོར་ས་མཐོའི་རི་ཁུལ་གྱི་ཞིང་འབྲོག་པའི་གནས་སྤོས་བཀོད་སྒྲིག་བྱ་ཡུལ་སྟག་ལུང་སྡེ་གྲོང་རྡལ་བདེ་སྐྱིད་གྲོང་གསར་བསྐྲུན་རྗེས་སུའུ་དབན་ལུའུ་ཡི་ནང་མི་ཚང་མ་དེ་གར་སྤོས་པ་དང་། སྲིད་གཞུང་གི་ཁ་གསབ་རོགས་སྐྱོར་འོག་སྨི་ངོས་གྲུ95ཟིན་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་དུ་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་སྨི་ངོས་གྲུ300ཟིན་པའི་སྒེར་སྤྱོད་ར་སྐོར་ཞིག་ཀྱང་རག་པ་རེད། ཁོང་དང་བཟའ་ཟླ་རྫོང་སྲིད་གཞུང་གིས་ནང་འདྲེན་བྱས་པའི་ཤ་མོ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དང་། ལི་འབྲས་ཐོན་ལས་ལ་ཞུགས་པས་ཉིན་ལྟར་ཤ་མོའི་འགྱིག་ཤོག་དྲོད་ཁང་ཆེ་མོ་གཉིས་དང་མུའུ9ཡོད་པའི་ལི་འབྲས་འདེབས་ཞིང་ལ་རེས་མོས་ཀྱིས་ལྟ་བར་སྐྱོད་དགོས་པ་དང་། ལོ་གཅིག་ལ་ཉུང་མཐར་ཡང་ཡོང་འབབ་སྒོར་ཁྲི5རག་པའི་ཁར་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བཤའ་བརྒྱབ་པས་ལོ་རེའི་ཡོང་འབབ་གནས་སྤོས་མ་བྱས་གོང་ལས་ལྡབ་5ལྷག་ཙམ་མང་དུ་ཕྱིན་ཡོད།

སུའུ་དབན་ལུའུ་ནི་བདེ་སྐྱིད་གྲོང་གསར་དུ་སྤོ་མཁན་དུད་ཚང894ཡི་ཞིང་འབྲོག་པ3907གྱི་གྲས་ཤིག་རེད། 2014ལོའི་ཟླ3པར་ལུང་སྟོང་གྲམ་ཐང་ཞིག་ཏུ་བདེ་སྐྱིད་གྲོང་གསར་སྐྲུན་འགོ་ཚུགས་པ་དང་། ད་ཆ་རྒྱ་ཁྱོན་མུའུ1632ཟིན་པའི་གནས་སྤོས་ཡུལ་མི་བཀོད་སྒྲིག་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་ནས། རི་ཁུལ་གྱི་ཤང་གྲོང8ཀྱི་གནས་སྤོས་ཡུལ་མི་འཚོ་གནས་ཐུབ་ཀྱི་ཡོད་པ་རེད། གསར་འགོད་པས་མཐོང་གསལ། དེ་ཁུལ་དུ་གསར་དུ་བསྐྲུན་པའི་སྡོད་ཁང་གྲལ་སྟར་འགྲིག་ལ་ཁྲོམ་གཞུང་གཙང་སྦྲ་དོད་པའི་ཁར། ད་དུང་བུ་བཅོལ་ཁང་དང་། སློབ་ཆུང་། སྨན་ཁང་། རིག་གནས་ཐང་ཆེན་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཆ་ཚང་ཡོད་པ་རེད།

གནས་སྤོས་ཡུལ་མི་བཀོད་སྒྲིག་བྱ་ཡུལ་བསྐྲུན་པ་དང་ཆབས་ཅིག དཔའ་རིས་རྫོང་སྲིད་གཞུང་གིས་སྔ་རྗེས་སུ་ཤ་མོ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ལ་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་དང་། ལི་འབྲས་འདེབས་འཛུགས་ཐོན་ལས་རྟེན་གཞི་ནང་འདྲེན་བྱས་ནས་སྐྱེ་དངོས་འདེབས་འཛུགས་དང་། གསོག་ཉར། ལས་སྣོན་དང་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་གཞི་ཁྱོན་ཅན་གྱི་གནས་སྤོས་ཡུལ་མི་བཀོད་སྒྲིག་གི་ལེ་ལག་ཚང་བའི་ཐོན་ལས་འཕེལ་རྒྱས་བཏང་ནས་གནས་སྤོས་དུད་ཚང“སྤོ་ཐུབ་པ་དང་། སེམས་རྣལ་དུ་འབེབས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་བྱས་པ་རེད།

དཔའ་རིས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཧྥ་ཅིས་ངོ་སྤྲོད་བྱས་དོན། གནས་སྤོས་ཡུལ་མིར་ལེ་ལག་ཚང་བའི་ཐོན་ལས་བཀོད་སྒྲིག་བྱེད་པའི་བརྒྱུད་རིམ་ནང་། ཞིང་འབྲོག་པ་ཚང་མ་རྐང་བདག་བྱ་ཆོག་པ་དང་། ཁོང་ཚོས་བཏབ་པའི་ཞིང་ལས་སྐྱེ་དངོས་ཁེ་ལས་ཀྱིས་བསྡུ་ཉོའི་འགན་ཁུར་བ་དང་། ད་དུང་ལོ་མཇུག་ཏུ་སྒོར3000ལྷག་ཙམ་གྱི་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བཤའ་ཐེངས་གཉིས་ཐོབ་ཀྱི་ཡོད། གཞན་ཡང་། གནས་སྤོས་དུད་ཚང་ཚང་མར་སྒོར་ཁྲི11ལས་མི་དམའ་བའི་སྡོད་ཁང་དང་། རྨང་གཞིའི་སྒྲིག་བཀོད། ཐོན་སྐྱེད་རྒྱུ་ཆ་བཅས་ཀྱི་ཁ་གསབ་ལོངས་སྤྱོད་བྱ་ཆོག་གི་ཡོད།

ཀྲང་ཧྥ་ཅིས་སྲིད་གཞུང་གི་མ་དངུལ་རོགས་རམ་འོག་མང་ཚོགས་དབུལ་པོའི་ཐོན་སྐྱེད་ཀྱི་ཧུར་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་བསམ་བློའི་འདུ་ཤེས“དབུལ་སྒྲོལ་གཞན་སྐུལ”ནས“དབུལ་སྒྲོལ་རང་འགུལ”དུ་བསྒྱུར་བ་དང་། གནས་སྤོས་ཡུལ་མིར་ལེ་ལག་ཚང་བའི་ཐོན་ལས་བཀོད་སྒྲིག་བྱ་རྒྱུ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་ཞིང་འབྲོག་པའི་ཡོང་འབབ་ལོ་རེ་བཞིན་མཐོ་རུ་ཕྱིན་པ་དང་འཚོ་བ་ཉིན་རེ་བཞིན་བདེ་སྐྱིད་ལྡན་པར་གྱུར་ཡོད་ཅེས་བརྗོད་ཀྱི་འདུག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།