ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཀན་སུའུ་ཞིང་ཆེན་གྱིས་དམིགས་བསལ་ལས་གནས་ཀྱི་དགེ་རྒན5000བསྡུ་རྒྱུ་རེད།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2018-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུའུ་དང་། ནོར་སྲིད་པུའུ་ནས་ཡིག་ཆ་བཀྲམས་ཏེ། 2018ལོར་རྒྱལ་ཡོངས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་རུ་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཁྲི9བསྡུ་བའི་འཆར་གཞི་ཡོད། དེའི་ཁྲོད་དུ། ཀན་སུའུ་ཞིང་ཆེན་གྱིས་དགེ་རྒན5000བསྡུ་རྒྱུ་ཡིན་པ་དང་། ན་ནིང་དང་བསྡུར་ན་མི350ལས་མང་བ་རེད། རང་རེའི་ཞིང་ཆེན་གྱིས་ཀྱང་ཉེ་ཆར2018ལོའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་བསྡུ་བའི་བྱ་བའི་འགོ་རྩོམ་རྒྱུ་ཡིན་ལ། གསར་དུ་བསྡུ་ལེན་བྱས་པའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་རྣམས་སྟོན་ཀའི་སློབ་འགོ་ཚུགས་སྐབས་སུ་དུས་ལྟར་ལས་གནས་སུ་ཞུགས་པ་ཁག་ཐེག་བྱ་རྒྱུ།

2018ལོར་ཀྲུང་དབྱང་གིས་དམིགས་བསལ་ལས་གནས་ཀྱི་དགེ་རྒན་བསྡུ་བའི་འཆར་གཞི་ལག་བསྟར་བྱེད་པའི་ཁྱབ་ཁོངས་ནི། དམིགས་བསལ་གྱི་དཀའ་ཁག་ཆེ་བའི་ས་ཁུལ་དང་དབུས་ནུབ་རྒྱུད་ས་ཁུལ་གྱི་རྒྱབ་ཁབ་དབུལ་སྐྱོར་གསར་སྤེལ་བྱ་བའི་གཙོ་གནད་རྫོང་། ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་བྱ་བའི་གཙོ་གནད་རྫོང་། རྒྱལ་ཁབ་ཀྱི་ནུབ་རྒྱུད་གསར་སྤེལ་འཆར་གཞིའི་ཁྲོད་དུ་བཞག་ཡོད་པའི་དབུས་རྒྱུད་ཞིང་ཆེན་ཁག་ཅིག་གི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་དང་ནུབ་རྒྱུད་ས་ཁུལ་གྱི་དམིགས་བསལ་དཀའ་ཁག་ཡོད་པའི་མཐའ་མཚམས་ཀྱི་རྫོང་ཁ་ཤས། གྲངས་ཉུང་མི་རིགས་རང་སྐྱོང་རྫོང་སོགས་ཡིན་པ་རེད། དམིགས་བསལ་ལས་གནས་ཀྱི་དགེ་རྒན་བཀོད་སྒྲིག་བྱེད་སའི་རྫོང་དང་གྲོང་ཁྱེར་ནི། ངེས་པར་དུ་སྤྱིའི་ཆ་ནས་དགེ་རྒན་གྱིས་མི་འདང་བ་དང་། སྒྲིག་གཞིའི་རང་བཞིན་གྱི་འགལ་ཟླ་མངོན་གསལ་དོད་པོ་ཡིན་པའི་རྫོང་དང་གྲོང་ཁྱེར་ཡིན་དགོས་པ།

སློབ་གསོ་པུའུ་ཡིས་བླང་བྱ་བཏོན་པར། ས་ཆ་སོ་སོའི་ཤང་སྡེ་སློབ་གྲྭའི་དགེ་རྒན་ཁ་གསབ་བྱེད་པར་ཤུགས་བསྣན་ཏེ། ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་རྫོང་དང་སྡེ་བའི་སློབ་ཆུང་གི་སློབ་གྲྭའི་དགེ་རྒན་ཁ་གསབ་ཀྱི་དགོས་མཁོ་སྔོན་ཐོབ་ཀྱིས་སྐོང་བ། རྫོང་དང་མཁར་གྱི་སློབ་གྲྭ་ལ་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གསར་བ་ཁ་གསབ་མི་བྱེད་པ། ལུས་རྩལ་དང་གླུ་དབྱངས། མཛེས་རྩལ། དབྱིན་ཡིག ཆ་འཕྲིན་ལག་རྩལ་སོགས་ཆད་ལུས་གནས་ཚུལ་ཛ་དྲག་ཡིན་པའི་སྦྱོང་ཚན་གྱི་དགེ་རྒན་ཁ་གསབ་བྱེད་པར་ཤུགས་སྣོན་དགོས་པ་དང་། ས་གནས་དེ་གའི་མཐར་ཕྱིན་སློབ་མ་ལ་ཁ་ཕྱོགས་དགོས་པ། ས་ཆ་སོ་སོའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་བྱ་བའི་གྲུབ་འབྲས་བྱ་དགའ་དང་། འཚོ་བའི་རོགས་དངུལ་དང་སྤྱི་ཚོགས་འགན་སྲུང་ཐག་གཅོད་བྱ་དགོས་པ། སྡོད་ཤག་བཀོད་སྒྲིག་སོགས་ཀྱི་བྱ་བ་དོན་འཁྱོལ་བྱ་དགོས།

ལས་མི་བསྡུ་བའི་ཆ་རྐྱེན། ལས་བསྡུའི་ལས་གནས་ཀྱི་བླང་བྱ་དང་མཐུན་དགོས་པ་དང་། དེར་བསྟུན་གྱི་དགེ་རྒན་གྱི་ཐོབ་ཐང་དཔང་ཡིག་ཡོད་དགོས་པ། དངོས་གཞིའམ་མཐོ་རིམ་དགེ་འོས་ཆེད་སྦྱོང་ཚན་ཁག་གི་སློབ་ཐོན་སློབ་མ་ཡིན་དགོས་པ། ལོ་ན30ལས་བརྒལ་མི་ཆོག་པ། “སློམ་གྲྭ་ཆེན་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི”ལ་ཞུགས་མྱོང་བ་དང་། སློབ་ཁྲིད་བྱེད་མྱོང་བའི་དང་བླངས་པ་དང་ལོ་ཕྱེད་ཡན་གྱི་དངོས་སྦྱོང་སློབ་ཁྲིད་བྱེད་མྱོང་བའི་དགེ་འོས་སློབ་གླིང་ནས་སློབ་མཐར་ཕྱིན་པའི་སློབ་མ་རྣམས་ཆ་རྐྱེན་འདྲ་མཚུངས་འོག་སྔོན་ལ་བསྡུ་རྒྱུ་ཡིན།

ཀྲུང་དབྱང་ནོར་སྲིད་ཀྱིས་མུ་མཐུད་དུ་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ལ་གླ་ཕོགས་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྟེར་རྒྱུ། སློབ་གསོ་པུའུ་དང་། ནོར་སྲིད་པུའུ་ཡིས་ས་གནས་སོ་སོའི2018ལོའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་དང་སྐབས་སྔུན་མ་དག་གི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་མི་གྲངས་ལྟར2018ལོའི་དམིགས་བསལ་ལས་གནས་འཆར་གཞིའི་ཀྲུང་དབྱང་ཁ་གསབ་རོགས་སྐྱོར་གྲོན་དངུལ་སྟེར་རྒྱུ། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།