ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་ཁྱིམ་བདག་ལ་སྦྱོང་ཚན་བཀོད་སྒྲིག་དང་ཁྱིམ་བདག་གིས་དགེ་རྒན་གྱི་ཚབ་བྱས་ནས་སྦྱོང་ཚན་བཟོ་བཅོས་རྒྱག་མི་ཆོག་པའི་གཏན་འབེབས་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉིན་ཤས་གོང་ཀན་སུའུ་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་ཉེ་ཆར་《སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་ཚད་ལྡན་དུ་གཏོང་བ་དང་སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་ཆེད་དོན་བཅོས་སྒྲིག་ཇུས་གཞི་》བཏོན་ཞིང་། 《ཇུས་གཞིའི་》ནང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་སློབ་མ་རྣམས་ཞོགས་པ་སློབ་གྲྭར་འབྱོར་བའི་དུས་ཚོད་ཆུ་ཚོད7དང་སྐར་མ50ལས་སྔ་མི་ཆོག་ལ། ཁྱིམ་བདག་ལ་སྦྱོང་ཚན་བཀོད་སྒྲིག་བྱེད་པའམ་ཡང་ན་ཁྱིམ་བདག་གིས་དགེ་རྒན་གྱི་ཚབ་བྱས་ནས་སྦྱོང་ཚན་བཟོ་བཅོས་རྒྱག་མི་ཆོག་པ་མ་ཟད། སློབ་གྲྭ་འབྲིང་ཆུང་གི་སློབ་མ་རྣམས་ཀྱི་ཉིན་ལྟར་སློབ་གྲྭར་ལུས་སྦྱོང་བྱེད་པའི་དུས་ཚོད་ཆུ་ཚོད1ལས་མི་ཉུང་བ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།

《ཇུས་གཞི་》གཞིར་བཟུང་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭས་ཡིག་རྒྱུགས་མི་གཏོང་བར་སློབ་མ་ཉེ་སར་སློབ་ཞུགས་བྱེད་རྒྱུའི་ཁྲིམས་གཏན་འཁེལ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། འཆར་གཞི་མེད་པ་དང་འཆར་གཞི་ལས་འགལ་ཏེ་སློབ་མ་བསྡུ་རྒྱུ་གཏན་འགོག་དང་། འོས་འགན་སློབ་གསོའི་དུས་མཚམས་སུ་སློབ་གྲྭས་འགྲན་སྡུར་གྱི་ལག་ཁྱེར་ཁག་དང་རིག་ཚན་འགྲན་སྡུར་གྱི་གྲུབ་འབྲས་སམ་ཡང་ན་རིམ་པ་གཏན་འཁེལ་གྱི་ཡིག་རྒྱུགས་ལག་ཁྱེར་སོགས་སློབ་མ་བསྡུ་བའི་གཞི་འཛིན་སར་བྱ་རྒྱུ་གཏན་འགོག དམིགས་བསལ་སློབ་མ་བསྡུ་བའི་གཞི་ཁྱོན་རིམ་བཞིན་ཆུང་དུ་བཏང་ནས་2020ལོའི་གོང་དམིགས་བསལ་སློབ་མ་བསྡུ་མཚམས་འཇོག་རྒྱུ་ཡིན་པ་རེད། གསར་དུ་ཞུགས་པའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མར་སྐབས་བསྟུན་གྱི་བྱེད་ཐབས་བཞིན་དོ་སྙོམས་གྱི་འཛིན་གྲྭ་བཀོད་སྒྲིག་བྱེད་རྒྱུ་དང་། མིང་གང་རུང་ལ་ཁ་གཡར་ནས་གཙོ་གནད་འཛིན་གྲྭ་དང་སྦྱངས་འབྲས་ལེགས་ཉེས་དབྱེ་བའི་འཛིན་གྲྭ་འཛུགས་རྒྱུ་གཏན་འགོག་བྱེད་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།