ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་རིང་ཐོག་མ《སྤྲིན་ཀྱི་རྫི་བོ》ཞེས་པའི་དེབ་གསར་འགྲེམ་སྤེལ་མཛད་སྒོ་བསྡུ་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཅོ་ནེ་ཡུམ་ཚེ་རིང་གི་སྒྲུང་རིང་ཐོག་མ《སྤྲིན་ཀྱི་རྫི་བོ》ཞེས་བ་ནི་༢༠༡༤ལོ་ནས་བཟུང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་གསར་རྩོམ་བྱས་འགོ་བརྩམས་་ཤིང་།༢༠༡༦་ལོའི་ལོ་མཇུག་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་མ་ཕྱི་མི་འདྲ་བ་གཉིས་ལེགས་འགྲུབ་བྱུང་ཡོད།རྒྱ་ཡིག་དཔར་གཞི་ནི་༢༠༡༧ལོ་ཟླ་༣པར་ལོའུ་ཉིན་པེ་སྐྲུན་ཁང་གིས་ཀྲུང་གོའི་ཀྲུང་ཉུང་མི་རིགས་ཀྱི་བྱིས་པའི་རྩོམ་རིག་གི་དཔེ་ཚོགས་ཀྱི་གྲས་སུ་གདམས་ནས་དཔར་བསྐྲུན་་འགྲེམ་སྤེལ་བྱས།མིག་སྔར་རྒྱལ་ཁབ་ཀྱི་དཔར་སྐྲུན་ལས་འཆར་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གནད་ཆེའི་དཔེ་སྐྲུན་གྱི་རྣམ་གྲངས་སོགས་སུ་ཚུད་ལ།དབྱིན་ཡིག་ལ་སོགས་སྐད་རིགས་གཞན་དང་གཞན་ལ་བསྒྱུར་བཞིན་ཡོད།༢༠༡༧ལོའི་ཟླ་༨པར་རྩོམ་པ་པོ་ཆེད་དུ་པེ་ཅིན་ལ་གདན་ཞུ་བྱས་ཏེ་་ཞིབ་འཇུག་དང་བགྲོ་གླེང་གི་ཚོགས་འདུ་འཚོགས་ཟིན།ཡིན་ནའང་རྒྱུ་རྐྱེན་དུ་མའི་དབང་གིས་བོད་ཡིག་གི་མ་ཕྱི་དུས་ལྟར་དཔར་སྐྲུན་བྱས་མ་ཐུབ་པས།ད་ལྟ་དཔར་སྐྲུན་ཁང་གང་ནས་དཔར་སྐྲུན་བྱེད་པར་གྲོས་དམོལ་དང་འཆར་བཀོད་འཐེན་བཞིན་པའི་སྒང་ཡིན་སྐད།མི་འགྱངས་བར་ཁོའི་བོད་ཡིག་གི་སྒྲུང་རིང་ཐོག་མ《སྤྲིན་གྱི་རྫི་བོ》ཞེས་པ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་རྒྱུ་ཡིན་པས་ན།ཀུན་གྱིས་རྒྱབ་སྐྱོར་བྱེད་པའི་སྨོན་འདུན་ཡང་ཡང་ཞུའོ།

3.jpg

ཅོ་ནེ་ཡུམ་ཚེ་རིང་ནི་༡༩༧༧ལོའི་ཟླ༣པའི་ཚེས་༡༨ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་ཆས་བུ་གཤིས་ནས་སྐྱེས།སྔ་གཞུག་ཏུ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་སྐད་བརྡ་རིག་པའི་ཤེས་རམས་པ་དང་སི་ཁྲོན་སློབ་ཆེན་ནས་མཚན་ཉིད་རིག་པའི་འབུམ་རམས་པའི་ཆེད་ལས་སོགས་སྦྱངས་ཏེ་སློབ་མཐར་ཕྱིན།༡༩༩༦ལོ་ནས་གསར་རྩོམ་གྱི་ལམ་དུ་ཞུགས་ཤིང་།ད་ལྟའི་བར་དུ་བོད་རྒྱ་སྐད་རིགས་གཉིས་ཀྱི་ལམ་ནས་རིག་གཞུང་ཆེད་རྩོམ་དང་རྩོམ་རིག་བརྩམས་ཆོས་མང་པོ《ཆོས་ལུགས་རིག་པ་ཞིབ་འཇུག》དང《ཀྲུང་གོའི་བོད་རིག་པ》《ཏཱ་ཅ།》《ཧྥང་ཚོ》《མི་རིགས་རྩོམ་རིག》《སྦྲང་ཆར》སོགས་རིག་གཞུང་ཆེད་དེབ་དང་རྩོམ་རིག་དུས་དེབ་རྩེ་གྲས་ཀྱི་སྟེང་བཀོད།སྔ་གཞུག་ཏུ་བོད་ཡིག་བརྩམས་སྒྲུང་གཅེས་བཏུས《སྡོམ་པ་སྲུང་བ》དང《གཟན་ཤམ་གྱོན་པའི་གཡག་རྭ》།ལྷུག་རྩོམ་གཅེས་བསྡུས་དེབ《ཁང་རྙིང》རྒྱ་ཡིག་གི་སྒྲུང་རིང《སྤྲིན་གྱི་རྫི་བོ།》(རྒྱལ་ཁབ་ཀྱི་གནད་ཆེའི་དཔར་སྐྲུན་འཆར་གཞིའི་རྣམ་གྲངས་སུ་ཚུད)དང་རྒྱ་ཡིག་གི་འབུམ་རམས་པའི་དཔྱད་རྩོམ《བོད་ཀྱི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ལ་དཔྱད་པ》(རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རོགས་སྐྱོར་མ་དངུལ་ཐོབ)སོགས་དཔར་སྐྲུན་འགྲེམ་སྤེལ་བྱས།དེ་དག་ལས་བརྩམས་ཆས་སྐོར་ཞིག《རྒྱལ་ཡོངས་ཆོས་ལུགས་རིག་པའི་འབུམ་རམས་པའི་དཔྱད་རྩོམ་རྩེ་གྲས་བཅུ》དང《སི་ཁྲོན་བོད་རིག་ཞིབ་འཇུག་དཔེ་ཚོགས》《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་བརྩམས་ཆས》《རྒྱལ་ཡོངས་བརྩམས་སྒྲུང་འབྲིང་བ་འདེམ་སྒྲིག》སོགས་སུ་བདམས་ཟིན་ལ།《གངས་ཅན་པ》དང་《བོད་པའི་བུ་མོ》《ཡིད་ཀྱི་དུས་ཚིགས》《ཕ་སྐད།》《བརྩེ་དུང་གི་རྔོན་པ》སོགས་གླུ་ཚིག་བརྒྱ་ཕྲག་བྲིས་ཡོད་པས།བོད་ཀྱི་གླུ་ཚིག་སྒྱུ་རྩལ་ལ་བྱས་རྗེས་མི་དམན་པ་བཞག་ཡོད།དེ་མིན་ཁོང་ལ་༢༠༠༧ལོར།སྐབས་ལྔ་པའི་སྦྲང་ཆར་སྨྱུག་གསར་བྱ་དགའ་ཐོབ།༢༠༠༨ལོར་སྐབས་དགུ་པའི་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆེས་མཐོའི་བྱ་དགའ་སྟེ་རྟ་མཆོག་བྱ་དགའ་ཐོབ།༢༠༠༩ལོར་སི་ཁྲོན་ཞིང་ཆེན་སྐབས་དྲུག་པའི་རྩོམ་རིག་བྱ་དགའ་ལས་དམིགས་བསལ་གཟི་བརྗིད་བྱ་དགའ་དང༌།སྐབས་བཞི་པའི་སི་ཁྲོན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་བྱ་དགའ་ལས་ཕུལ་བྱུང་བརྩམས་ཆོས་བྱ་དགའ་ཐོབ།༢༠༡༠ལོར་སྐབས་བདུན་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་གི་གསར་རྩོམ་སྨྱུག་གསར་བྱ་དགའ་ཐོབ།༢༠༡༥ལོར་སྐབས་གསུམ་པའི་རྒྱལ་ཡོངས་གངས་རྒྱན་རྟགས་མའི་རྩོམ་རིག་བྱ་དགའ་སོགས་ཐོབ།ད་ལྟ་སི་ཁྲོན་རླུང་བརྙན་འཕྲིན་ཁང་གི་ཞུས་ཆེན་གཞོན་པ་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི་ཡིན་ལ།སི་ཁྲོན་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་དུ་ཀྲུང་གོའི་དེང་རབས་དང་ད་ལྟའི་རྩོམ་རིག་ཆེད་ལས་ཀྱི་འབུམ་རམས་པ་ཕྱི་མར་སློབ་གཉེར་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།