ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ། ལྗང་མདོག་གི་རེ་བའི་ལམ་ཆེན།

ཡོང་ཁུངས། : ཀན་ལྷོའི་ཉིན་རེའི་གསར་འགྱུར།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན།”ཀན་ལྷོ་རྩྭ་ཐང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་འགྱུར་དུ་མེད་པའི་ཆོས་ཉིད་ཞིག་གམ་ཡང་ན་ལྡོག་མེད་ཀྱི་འོས་འགན་ཞིག་ཏུ་གྱུར་ཡོད། མཐོ་སྒང་དུ་འཚོ་སྡོད་བྱེད་པའི་མི་སུ་ཞིག་ཡིན་རུང་རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་རྒྱུའི་འདུ་ཤེས་དེ་ཆུང་བྱིས་པའི་དུས་ནས་བཟུང་རྒྱུད་ལ་ཆགས་ཡོད་དེ།“གནས་རི་དང་ལྷ་མཚོ”ལ་སྲུང་སྐྱོང་དང་དད་གུས་བྱེད་པ་དེ་ནི་མདོར་ན་རང་བྱུང་ཁམས་དང་རང་ཉིད་འཚོ་སྡོད་ཀྱི་ཁོར་ཡུག་ལ་བདག་སྐྱོང་བྱེད་པ་ཡིན་ལ། འདུ་ཤེས་འཛིན་སྟངས་སོགས་མི་རྣམས་ཀྱི་འཚོ་བའི་ཟུར་ངོས་གང་རུང་ནས་མཐོང་སླ་ཞིང་། མཐོ་སྒང་གི་ཡུལ་འདིར་གདོད་མ་ནས་གྲུབ་པའི་སྐྱེ་ཁམས་སྲུང་སྐྱོང་གི་བསམ་བློ་རླབས་ཆེན་ཞིག་ཡིན།

ཉེ་བའི་ལོ་ནས་བཟུང་།  ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་མི་བྱེད་པའི་རྨང་གཞིའི་ཐོག  སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་དང་།  རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ཐོན་ལས་ཤུགས་ཆེན་གྱིས་གོང་དུ་སྤེལ་བས།  སྲུང་སྐྱོབ་ཁྲོད་འཕེལ་རྒྱས་འགྲོ་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་པའི་རྣམ་པ་བཟང་བོ་ཆགས་ཤིང་།  སྐྱེ་ཁམས་ཐོན་ཁུངས་དེ་རང་ཁུལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་བ་ཞིག་ཏུ་གྱུར་ཡོད།

བསང་ཆུ་རྫོང་གི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་རེ་རེའི་ཕྱིའི་རྣམ་པར་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། སྡོད་ཁང་གྲལ་དག་ཅིང་སྒོ་ཕྱི་ནང་གཙང་བ་མ་ཟད། ད་དུང་ཁྲུས་ཁང་དང་ཆུ་ཚན། གློག་ཐབ་སོགས་དེང་རབས་ཀྱི་ཁྱིམ་ཆས་གང་མཁོ་ཅི་འཛོམས་ཡིན་པ་དང་། ཁང་བའི་རྒྱན་སྤྲས་ཀྱང་ཧ་ཅང་མཛེས་པས་གང་སར་འབྱོར་འབྲིང་ལམ་དུ་བསྐྱོད་པའི་རྣམ་པས་ཁེངས་འདུག

བསང་ཆུ་རྫོང་མདའ་མེད་ཤང་རྡང་བུས་མདོ་སྡེ་བའི་སྡེ་དཔོན་སྐྱབས་ཁོས་བཤད་རྒྱུར། ལོ་འདིའི་ནང་སྡེ་བར་འགྱུར་ལྡོག་ཧ་ཅང་ཆེ། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་འགོ་བརྩམས་པས་ང་ཚོའི་འཚོ་སྡོད་ཁོར་ཡུག་དང་ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་ཡོང་སྒོ་སོགས་ཕྱོགས་གང་ཅིའི་ཐད་ལེགས་བཅོས་ཆེན་པོ་ཐོབ་པ་དང་། འཚོ་བའང་སྔོན་ཆད་དང་བསྡུར་ན་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད།

ཉེ་བའི་ལོ་འདི་དག་གི་རིང་ལ། སྡོད་ཁང་བསྐྱར་སྐྲུན་དང་གཞུང་ལམ་ལས་པ། སྡེ་བའི་ཐང་ཆེན་བསྐྲུན་པ་དང་ལྗང་འགྱུར་ཁུལ་འདེབས་འཛུགས་བྱེད་པ་སོགས་ཀྱི་རྣམ་པ་གང་སར་མཐོང་ཐུབ་ཅིང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན། མི་རྣམས་ཀྱི་བསམ་བློའི་འདུ་ཤེས་དང་འཚོ་བ་རོལ་སྟངས་སོགས་ཀྱང་ཉིན་མཚན་བླ་ལྷག་གིས་གོང་དུ་འཕེལ་བཞིན་འདུག

ད་ལོར། ཀན་ལྷོ་ཁུལ་གྱིས་བསྡོམས་པས་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བ300འཛུགས་སྐྲུན་བྱས་ཏེ། རོང་འབྲོག་མང་ཚོགས་སྔར་ལས་མང་པོ་ཞིག་གི་འབྱོར་འབྲིང་ལམ་དུ་བསྐྱོད་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་ཡོད། སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཁྲོད།ཀན་ལྷོ་ཁུལ་གྱིས 《ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ལས་གྲྭ་ཚོད་ལྟ་བྱེད་གནས་ལག་བསྟར་འཆར་གཞི》དང་། 《ཀན་སུའུ་ཞིང་ཆེན་གྱི“གཙང་བོ་གཉིས་དང་ཆུ་བོ་གཅིག”འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་གི་འཆར་གཞི》 《ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་དུས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལག་བསྟར་འཆར་ཟིན》སོགས་ལག་བསྟར་དོན་འཁྱོལ་བྱས་ཏེ། གཞི་རྩའི་ཆ་ནས་སྐྱེ་ཁམས་ཞན་འགྱུར་གྱི་གནས་ཚུལ་ལེགས་བཅོས་ཐོབ་པ་མ་ཟད། ཡོད་ཚད་ཀྱིས་སྟོབས་ཤུགས་མཉམ་འདོན་དང་རྡོག་རྩ་གཅིག་སྒྲིལ་གྱི་རྣམ་པ་ཆགས་ཡོད་པ་དང་། སྲིད་འཛིན་དང་ལས་གཞི། བཅའ་ཁྲིམས། རྩྭ་འཛུགས། དྲིལ་བསྒྲགས། དབུལ་སྐྱོར་སོགས་བྱེད་ཐབས་སྣ་མང་སྤྱད་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཞི་ཁྱོན་ཆེན་པོ་ཞིག་ཆགས་ཡོད།

གཙོས་གྲོང་ཁྱེར་ཁ་གྱ་སྨད་ཤང་ཞིང་ར་སྡེ་བའི་སྡོད་ཁང་ལ་བོད་ལུགས་ཀྱི་རྣམ་པ་འབུར་དུ་ཐོན་པ་དང་།  ཁོར་ཡུག་གཙང་ཞིང་གྲལ་དག་པ་མ་ཟད་གང་སར་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་བས་ཁྱབ་འདུག་ཅིང་།  སྔོན་ཆད་རྗེས་ལུས་དང་རྙིང་ཞེན་གྱི་གྲོང་སྡེ་དེ་ད་ལྟ་ཁོར་ཡུག་མཛེས་སྡུག་ལྡན་ཞིང་འབྱོར་འབྲིང་གི་ལམ་དུ་ཕྱོགས་པའི་གྲོང་སྡེ་གསར་བ་ཞིག་ཏུ་གྱུར་ཡོད།  སྡེ་བའི་འཕོ་འགྱུར་གླེང་ཙ་ན།  རྒན་པོ་སངས་རྒྱས་ཀྱི་གདོང་ལ་སྤོབས་པའི་འཛུམ་ཞིག་རྒྱས་ཞོར་དུ“ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་གྱིས་ང་ཚོའི་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།  འཚོ་བའི་ཆ་རྐྱེན་ཡང་ལོ་རེ་ལས་ལོ་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་པས་འཚོ་བ་དངོས་གནས་སྐྱིད་པོ་རེད”ཟེར།

ཨ་སྔོན་དང་སྤྲིན་དཀར་ནི་ཀན་ལྷོའི་ཡལ་བ་མེད་པའི་མཛེས་སྡུག་ཡིན་ཞིང་། སྔོ་ལྗང་གི་རི་ཀླུང་ནི་ཀན་ལྷོའི་རྟག་བརྟན་གྱི་གནས་མལ་ཡིན། “སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན”པའི་བསམ་བློ་ནི་མདོར་ན་གོང་འཕེལ་གྱི་འདུ་ཤེས་དང་བྱེད་སྟངས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བ་ཡིན་ཞིང་། ཀན་ལྷོའི་རིགས་སོ་སོའི་མི་དམངས་ཀྱིས་འཚོལ་སྙེག་བྱེད་པའི་ལྗང་མདོག་གི་རེ་བའི་ལམ་ཆེན་དེ་ཡིན། །                                                             

རྩོམ་སྒྲིག་པ། : ཀླུ་མོ་མཚོ།