ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་བོ་རྫོང་གིས་ཆུ་ལམ་གྱི་གད་སྙིགས་གཙང་སེལ་གྱི་ཆེད་དོན་སྒྲིག་བཅོས་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གིས“འབྲུག་དཀར་གཙང་བོར་སྲུང་སྐྱོང་བྱས་ཏེ། ཁོར་ཡུག་དག་གཙང་ཅན་དུ་བསྒྱུར་བ”བརྗོད་བྱ་གཙོ་བོ་བྱས་ཏེ་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ།རྫོང་གཏོགས་ལས་ཁུངས་སོ་སོས་ཆུ་ལམ་དུ་གད་སྙིགས་དང་བཙོག་ཆུ་གང་བྱུང་བླུག་པའི་བྱ་སྤྱོད་ལ་གཅིག་སྡུད་ཀྱིས་སྒྲིག་བཅོས་བྱས་པས། འགན་འཁྲིའི་ཁྱབ་ཁོངས་ཀྱི་ཆུ་ལམ་ནང་ཁུལ་གྱི་གད་སྙིགས་ཡོངས་སུ་གཙང་སེལ་བྱས།

མིག་སྔའི་བར་དུ། རྫོང་གཏོགས་ཀྱི་ལས་ཁུངས50ཡིས་ལས་བཟོ་བ1000 ལྷག་མངགས་ཤིང་། གཙང་སེལ་གྱི་འཕྲུལ་ཆས་རིགས10ལྷག་བེད་སྤྱད་དེ་ཆུ་ལམ་སྤྱི་ལེ15ཡི་རིང་ཚད་ལ་སྒྲིག་བཅོས་བྱས་པ་དང་གད་སྙིགས་ཏུན20ལྷག་གཙང་སེལ་བྱས་པས། ནུས་ལྡན་གྱི་སྒོ་ནས་ཆུ་ལམ་ཆུ་ཁོངས་ཀྱི་ཁོར་ཡུག་ལེགས་བཅོས་བྱས། 

ཐེ་བོ་རྫོང་གིས“ཁོངས་ཡོངས་སུ་གད་སྙིགས་མེད་པའི”བྱ་བ་སྐུལ་འདེད་གཏོང་བའི་གོ་སྐབས་ལ་བརྟེན་ནས། ཆུ་ལམ་ནང་གི་གད་སྙིགས་གཙང་སེལ་བྱ་རྒྱུ་དེ་ཤང་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། ཆུ་ལམ་བདག་སྐྱོང་དང་སྲུང་སྐྱོང་བྱེད་པའི་བྱ་བ་དེ་དོ་དམ་དཔྱད་ཞིབ་བྱེད་པའི་ཁྱབ་ཁོངས་སུ་བཅུག  དུས་མཚུངས་སུ། འཕྲེད་ཡིག་འགེལ་བ་དང་གསལ་འདེབས་འཛུགས་པ། དྲིལ་བསྒྲགས་ཡིག་ཆ་བཀྲམ་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཁོར་ཡུག་སྲུང་སྐྱོང་བྱ་བ་དྲིལ་བསྒྲགས་བྱས་ཏེ། “ཆུ་ལམ་སྲུང་སྐྱོང་བྱ་རྒྱུར། ཚང་མར་འོས་འགན་ཡོད་པ”ཞེས་པའི་དམངས་ཡོངས་ཞུགས་ནས་ཁོར་ཡུག་ཡག་པོ་བསྐྲུན།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།