ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ས་མ་འབྲོག་གྲོང་ཚོའི་རྣམ་པ་བཟང་པོ་བཏོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྩྭ་ཆུ་བཟང་བའི་རྩྭ་ཐང་སྟེང་ཕྱུགས་རིགས་དཀར་ནག་ཅི་དགར་རོལ། ཚོན་མདོག་སྣ་ལྔའི་དར་ལྕོག་ཞིང་ཁྱིམ་རེ་རེའི་ཐོག་ཁར་ལྷབ་ལྷུབ་གཡོ། གཡུ་འབྲུག་སྔོན་པོ་ཉལ་བ་ལྟ་བུའི་རི་ཀླུང་གཅིག་ནས་གཅིག་ཏུ་སྦྲེལ། ཨ་སྔོན་དབྱིངས་སུ་སྤྲིན་དཀར་ཚོམ་བུས་བཀྲ་ཤིས་རྟགས་མཚན་སྟོན། འདི་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཤོ་མང་གྲོང་ཚོའི་མཛེས་ཉམས་རེད།

དེ་སྔ་ཤོ་མང་གྲོང་ཚོ་ནི་ཡུལ་སྐོར་བས་འགྲོ་འདོད་མི་བྱེད་པའི་གྲོང་ཚོ་ཞིག་རེད། གྲོང་ཚོའི་ཀྲུའུ་རེན་པད་མ་རྣམ་རྒྱལ་གྱིས་ང་ཚོའི་གྲོང་ཚོ་དུང་ཕྲུག་རྩྭ་ཐང་དང་གཉན་ཆེན་རི་བོ་སོགས་མཛེས་ལྗོངས་ཁུལ་དང་ཐག་ཉེ་པོ་ཡོད་ཀྱང་གྲོང་ཚོའི་ཁོར་ཡུག་བཙོག་པོདང་ཟང་ཟིང་ཡོད། དེར་བརྟེན་ཡུལ་སྐོར་བ་མང་པོ་ཡོད་ཀྱང་དེ་གར་ཡུན་རིང་སྡོད་མཁན་ཉུང་ཉུང་རེད། གྲོང་ཚོའི་ནང་ཁང་པ་གང་བྱུང་དུ་བསྐྲུན་པ་དང་། བཙོག་ཆུ་གང་བྱུང་དུ་རྒྱུག་པ། འབུད་ཤིང་གང་བྱུང་དུ་འཇོག་པ། ཁྱིམ་བྱར་བདག་པོ་མི་རྒྱག་པ། འགྲོ་ལམ་ཡག་པོ་མེད་པ། ཐ་ན་གྲོང་མི་ཁ་ཤས་ད་དུང་སོ་ཕག་གི་ཁང་པའི་ནང་སྡོད་པ་སོགས་ཞན་ཆ་མང་པོ་ཡོད་ཅེས་བཤད་བྱུང་།

“གཅིག་ནས་གནས་སྡོད་ཁོར་ཡུག་ཞན་པས་གྲོང་མི་མང་པོར་བསམ་འཆར་ཡོད། གཅིག་ཤོས་ནས་ཀན་ལྷོའི་སྣོད་བཅུད་ཁོར་ཡུག་ཉམས་ཞན་ཡིན་ལ། གྲོང་ཚོ་མི་ཉུང་བ་ཞིག་སྣོད་བཅུད་ལྟེ་བའི་ཁུལ་དུ་གནས་ཡོད་པས་གལ་སྲིད་བཅོས་སྒྲིག་གནད་འཁེལ་མི་ཐུབ་ཚེ་དྭངས་གཙང་ཆུ་མོ་དང་སྔོ་ལྗང་རི་བོར་གཏོར་བཤིག་ཕོག་སྲིད”ཅེས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཧྲུའུ་ཅི་ཡུས་ཁྲེང་ཧུའེ་ཡིས་བཤད་བྱུང་། 2015ལོ་ནས་བཟུང་ཀན་ལྷོས“ཤང་གཅིག་དང་གྲོང་ཚོ་གཅིག”གི་བླང་བྱ་གཞིར་བཟུང་སྔོན་ལ་སྣོད་བཅུད་ཤེས་དཔལ་དཔེ་སྟོན་གྲོང་ཚོ་103བདམས་ཏེ་སྣོད་བཅུད་ཤེས་དཔལ་གྱི་བླང་བྱ་ལྟར་ཆུ་གློག་ལམ་གསུམ་དང་ཁང་པ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ཡོད། གཞན་ཡང་ས་མ་འབྲོག་གྲོང་ཚོའི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ་ཁུལ་ཡོངས་ཀྱི་ས་མ་འབྲོག་གྲོང་ཚོ་ཡོངས་ལ་རིམ་བཞིན་བཅོས་སྒྲིག་བྱས་ནས་གྲོང་མིའི་འཚོ་བ་ལེགས་སུ་དང་མཛེས་སྡུག་ལྡན་པའི་རི་ཆུ་དྭངས་གཙང་ཡོང་བ་བྱས་ཡོད།

ད་ཆ་ཤོ་མང་གྲོང་ཚོར་ཨར་འདམ་ལམ་བསྐྲུན་པ་མ་ཟད། ད་དུང་གྲོང་མིའི་སྡོད་ཁང་གྲལ་འགྲིག་པོའི་ངང་ལམ་གཡས་གཡོན་དུ་བཀོད་སྒྲིག་བྱས་པ་དང་དཀར་ཞིང་གཙང་བའི་གྱང་ངོས་ཀྱི་མཐའ་བཞིར་རི་མོ་དམར་པོ་བྲིས་ནས་མི་རིགས་ཀྱི་ཉམས་འགྱུར་མངོན་ཡོད། གྲོང་ཚོའི་ནང་གྲོང་སྲོལ་དམངས་ཆིངས་བཟོས་ནས་གྲོང་མིས་དུས་ཐོག་ཏུ་གཙང་སྦྲ་དང་། གད་སྙིགས་རིགས་དབྱེ། གྲོང་ཚོའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། གྲོང་ཚོའི་ཁོར་ཡུག་ལེགས་སུ་ཕྱིན་པ་དང་བསྟུན་ནས་ཕྱི་ཕྱོགས་སུ་ལོ་མང་རིང་གླ་མི་བྱས་པའི་གྲོང་མི་རིན་ཆེན་ཚེ་རིང་ཕ་ཡུལ་དུ་ལས་གཏོད་བྱེད་པར་འོང་། ཁོང་གིས་དུད་ཚང་6གི་གྲོང་མི་སྐུལ་སློང་བྱས་པ་དང་མ་དངུལ་སྒོར་ཁྲི་150ལྷག་ཙམ་བཏང་ནས་མི་200ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་པའི་བོད་ཁྱིམ་སྤྲོ་སྐྱིད་ཁང་ཞིག་བཙུགས། “མགྲོན་པོ་ནང་དུ་གདན་འདྲེན་ཞུ་བར་རང་ཁྱིམ་གཙང་མ་དགོས་ཞེས་པ་ལྟར་ད་ཆ་ང་ཚོའི་གྲོང་ཚོ་ཡུལ་སྐོར་བས་ངེས་པར་དུ་བསྐྱོད་པའི་ཡུལ་ཞིག་ཏུ་གྱུར་ནས་ཚོང་ཧ་ཅང་ཡག་པོ་འདུག འདི་ནི་དེ་སྔོན་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”

གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་པར་ལམ་བཟོ་དགོས་པ་དང་། སྡོད་ཁང་སྐྲུན་དགོས་པ། གསང་སྤྱོད་ཉམས་བཟོ་བྱེད་དགོས་པ། གད་སྙིགས་བླུགས་སྣོད་སྒྲིག་བཟོ་བྱེད་དགོས་པ་བཅས་ལ་མ་དངུལ་མང་པོ་གཏོང་དགོས། འོན་ཀྱང་དཔལ་འབྱོར་འཁོས་དཔག་ཞན་པའི་ས་ཁུལ་ཡིན་པའི་ངོས་ནས་མ་དངུལ་དེ་དག་ཇི་ལྟར་བྱས་ནས་འགན་ལེན་བྱེད་དགོས་སམ། “མ་དངུལ་མང་པོ་མེད་པས་གལ་སྲིད་མ་དངུལ་བཏང་ཚེ‘ཁ་ཡོད་ཚད་ལ་བུ་རམ་སྟེར་པ’ལྟར་ཡིན་པས་ཁྱེད་དང་ང་ཡག་པོ་བྱུང་ཡང་ཚང་མ་ཡག་པོ་ཡོང་མི་སྲིད། ད་ཆ་ངར་ཤུགས་བསྒྲིམས་ཚེ་ལས་དོན་དེ་སྒྲུབ་ཐུབ་ངེས་རེད”ཡུས་ཁྲེང་ཧུའེ་ཡིས་དཔེ་སྟོན་གྲོང་ཚོ་གསར་སྐྲུན་བྱེད་པར་དེ་སྔའི་རང་ཐག་རང་གཅོད་བྱེད་པའི་བྱེད་ཐབས་ལ་འགྱུར་ལྡོག་བཏང་ཐོག་ཀྲུང་དབྱང་དང་ས་གནས་ཀྱི་ཞིང་ཕན་སྲིད་ཇུས་ཁག་ཡག་པོ་སྤྱད་དེ་འབྲེལ་ཡོད་རྣམ་གྲངས་བསྡུ་སྒྲིལ་དང་ཕྱོགས་བསྡུས་ཇུས་བསྟར་བྱེད་པ་དང་དཔེ་སྟོན་གྲོང་ཚོའི་གཞི་རྩའི་ཐོན་སྐྱེད་དང་འཚོ་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་སོགས་ཀྱི་ཆ་རྐྱེན་ལེགས་སུ་ནུས་ལྡན་བཏང་ནས་ནོར་ཤུགས་ཐོན་ཁུངས་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་དགོས་ཞེས་བཤད།

མིག་སྔའི་བར་རིགས་ཁག་གི་གནད་དོན་16500བཅོས་སྒྲིག་བྱས་ནས་གནད་དོན་ཚང་མར་ལྟ་ཞིབ་བྱེད་མཁན་ཡོད་པ་དང་། ཚང་མ་དོན་འཁྱོལ་ཐུབ་པ། ཚང་མར་ཨ་ལན་སློག་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཡོད། དཔྱད་ཞིབ་གདེང་འཇོག་ནན་པོ་བྱས་ནས་གནོན་ཤུགས་སྤྲད་དེ་ཟླ་རེར་ལྟ་སྐུལ་ཐེངས་གཅིག་བྱེད་པ་དང་། ཟླ་རེར་བང་རིམ་ཐེངས་གཅིག་སྒྲིག་པ། ཟླ་རེར་བརྡ་ཁྱབ་ཐེངས་གཅིག་གཏོང་བ་བཅས་བྱས་ནས་དཔྱད་ཞིབ་གདེང་འཇོག་བྱས་འབྲས་དང་འགན་འཁྲི་རྩད་གཅོད་ཟུང་འབྲེལ་བྱས་ཡོད།

འགན་འཁྲི་གྲོང་ཚོ་རིམ་པའི་བར་དོན་འཁྱོལ་བྱས་ཤིང་། གཙོས་གྲོང་ཁྱེར་སྣ་བུག་ཤང་ལ་རྩ་གྲོང་ཚོའི་རིག་གནས་ཐང་ཆེན་གྱི་གྱང་སྟེང་དུ“ཁོར་ཡུག་འཕྲོད་བསྟེན་གྱི་འགན་འཁྲི་དབྱེ་འབྱེད་རེའུ་མིག”བཀལ་ཡོད་པ་དང་ཚོན་མདོག་སྣ་ཁ་གསུམ་གྱིས་གྲོང་ཚོ་ཡོངས་མཉམ་སྲུང་ཚོགས་ཆུང་གསུམ་དུ་དབྱེ་བ་ཕྱེ་ཡོད། མཉམ་སྲུང་ཚོགས་ཆུང་གི་སྤྱི་མི་ཝུའུ་ཧྲི་དབྱིང་གིས་སྤྱི་མིས་ལྟ་སྐུལ་དོ་དམ་ཁུལ་གྱི་གཙང་སྦྲའི་གནས་ཚུལ་འགན་འཁུར་ནས་གད་སྙིགས་གང་སར་མི་དབྱུག་པའི་འགན་ལེན་བྱེད་དགོས་པ་དང་འགྱིག་ཤོག་སོགས་ཀྱི་གད་སྙིགས་ཆུང་གྲས་མཐོང་ཚེ་འགྲོ་ཞོར་ལ་སྒྲུག་དགོས། གལ་ཏེ་དངོས་པོ་ཙག་ཙིག་མཐོང་ཚེ་སྤྱི་མིས་འཕྲལ་དུ་གཙང་སྦྲ་བྱེད་མཁན་ལ་བརྡ་གཏོང་གི་ཡོད་ཅེས་བཤད་པ་རེད།

མང་ཚོགས་དེ་བས་མང་བ་སྐུལ་སློང་བྱ་ཆེད། ལ་རྩ་གྲོང་ཚོས་གཟའ་མིག་དམར་དང་གཟའ་ལྷག་པར་གྲོང་ཚོ་ཡོངས་ཀྱིས་ཁྲོམ་གཞུང་དུ་གཙང་སྦྲ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། “གྲོང་མིས་ད་ལྟའི་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་ཕྱིར་ཁོར་ཡུག་གཙང་སྦྲའི་ནང་ཧུར་སེམས་ཆེན་པོས་ཞུགས་ཀྱི་ཡོད། གཙང་སྦྲ་བྱས་པ་བརྒྱུད་གྲོང་མིར་འཚོ་བའི་གོམས་གཤིས་ཡག་པོ་འཇགས་པ་མ་ཟད། ཁོང་ཚོའི་བདག་པོའི་བསམ་པ་དེ་བས་ཆེ་རུ་ཕྱིན་པ་དང་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཀྱང་དེ་བས་ཟབ་ཏུ་ཕྱིན་ཡོད”ཅེས་ཝུའུ་ཧྲི་དབྱིང་གིས་བཤད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།