ཀྲུང་གོ་བོད་ཀྱི་དྲ་བ།

འབྲུག་ཆུའི་ནགས་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིགས་ཆད་ལ་ཉེ་བའི་སྲུང་སྐྱོབ་རྩི་ཤིང་ཁུ་བྱུག་མེ་ཏོག་གསར་རྙེད་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20170620092326.jpg

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་གོང་སྨད་ཆུའི་འབབ་རྒྱུད་དུ་བཅར་འདྲི་བྱེད་སྐབས། ནགས་ཁུལ་དུ་རི་སྐྱེས་ཁུ་བྱུག་མེ་ཏོག་མི་ཉུང་བ་གསར་རྙེད་བྱུང་སྟེ། འབྲེལ་ཡོད་ནགས་ལས་ཆེད་མཁས་པར་བློ་འདྲི་བྱས་པ་བརྒྱུད་སྡོང་ཕྲན་ནགས་རྫོབ་ནང་དུ་གསར་རྙེད་བྱུང་བའི་རི་སྐྱེས་ཁུ་བྱུག་མེ་ཏོག་འདི་དག་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིགས་ཆད་ལ་ཉེ་བའི་སྲུང་སྐྱོབ་རྩི་ཤིང་རིགས་ཤིག་ཡིན།

ནགས་ལས་ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན།ཁུ་བྱུག་མེ་ཏོག་ཆེན་མོ་འདིའི་མིང་གཞན་ལ་སྒྱེ་མོ་མེ་ཏོག་ཀྱང་ཟེར་ཏེ། ཀྲུང་གོའི་རི་སྐྱེས་མེ་ཏོག་ནང་གི་སྤྱན་གཟིགས་རིན་ཐང་ཆེས་མཐོ་བའི་རིགས་ཤིག་ཡིན་ལ།ཀྲུང་གོའི་ཤར་བྱང་དང་ནང་སོག  ཧོ་པེ། ཧྲན་ཏུང་།ཐའེ་ཝན་སོགས་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི400ནས་སྨི2400བར་གྱི་ནགས་ཁྲོད་དང་ནགས་མུ་སོགས་སྤང་རི་སྐྱེད་ཚལ་དང་ཆུ་འབུད་ནུས་པ་ལེགས་པའི་ས་ཁུལ་དུ་སྐྱེས་པ།ལྗར་པན་དང་ཁྲའོ་ཞན་གླེང་ཕྲན་ཕྱེད་ཙམ། ཨུ་རུ་སུ་ལ་ཡང་སྐྱེས་ཡོད། མིག་སྔར་རང་རྒྱལ་གྱི་བྱང་ཕྱོགས་ས་ཁུལ་དུ་རང་བྱུང་སྐྱེས་པའི་ཁུ་བྱུག་མེ་ཏོག་གི་གྲངས་འབོར་རིམ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད།

ཐེངས་འདིར་གསར་རྙེད་བྱུང་བའི་ཁུ་བྱུག་མེ་ཏོག་སྟེ་འབྲུག་ཆུའི་གོང་སྨད་འབབ་རྒྱུད་ཀྱི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི1700ཡས་མས་ཀྱི་སྡོང་ཕྲན་ནགས་རྫོབ་ནང་སྐྱེས་ཤིང་། འདི་ཡང་རང་ཁུལ་གྱི་ཐེ་བོར་ཁུ་བྱུག་མེ་ཏོག་ཆེན་མོ་གསར་རྙེད་བྱུང་རྗེས་སུ་འབྲུག་ཆུའི་གོང་སྨད་འབབ་རྒྱུད་དུ་གསར་རྙེད་བྱུང་བ་ཡིན།  ཁུ་བྱུག་མེ་ཏོག་འདི་དག་གི་ཁ་མདོག་དམར་སྨུག་པོའམ་ཡང་ན་སེར་པོ་ཡིན་ལ་མེ་ཏོག་གི་ཚངས་ཐིག་ལི་སྨི5ནས་ལི་སྨི6ཡིན་ཞིང་གཡས་གཡོན་ཆ་འགྲིག་པ་རེད།  ཁ་ཆུང་ཞིང་ཕོ་བ་ཆེ་བའི་བུ་སྣོད་ཅིག་དང་འདྲ་བས།  ཧ་ཅང་དཀོན་པའི་རྩི་ཤིང་རིགས་ཤིག་ཡིན།

ཁུ་བྱུག་མེ་ཏོག་ཆེན་མོ་ནི་ལོ་མང་སྐྱེ་བའི་རྩི་ཤིང་རིགས་ཤིག་ཡིན་ཏེ།དེས་མཚན་ལྡན་སྐྱེ་འཕེལ་དང་མཚན་མེད་སྐྱེ་འཕེལ་རིགས་གཉིས་ལ་བརྟེན་ནས་རིགས་ཁྱུ་སྐྱེ་འཕེལ་བྱས་པ་མ་ཟད།སྐྱེ་དངོས་སྣ་མང་ལས་གྲུབ་པའི་སྐྱེ་ཁམས་ཁོར་ཡུག་ནང་དུ་སྐྱེས་ཤིང་། ནགས་ཚལ་གཅོད་འབྲེག་གི་དབང་གིས་སྐྱེ་ཁམས་ལ་གཏོར་བརླག་གཏོང་བ་དེས་ཁུ་བྱུག་མེ་ཏོག་ལ་ཉེན་ཁ་ཚབས་ཆེན་བཟོས་པ་མ་ཟད།རིགས་ཆད་ལ་ཉེ་བའི་རྒྱུ་རྐྱེན་གཙོ་བོ་ནི་མིའི་རིགས་ཀྱི་དཔལ་འབྱོར་དང་རོལ་མྱོང་གི་དམིགས་ཡུལ་ཆེད་དུ་འབོར་ཆེན་སྔོག་འཐུ་བྱས་ཏེ་རིགས་ཁྱུའི་གྲངས་འབོར་ཇེ་ཉུང་དུ་སོང་།

ཁུ་བྱུག་མེ་ཏོག་ད་ཆ་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རྩི་ཤིང་དང་རིམ་པ་དང་པོའི་རི་སྐྱེས་རྩི་ཤིང་ཡང་ཡིན་པས།རྒྱལ་ཁབ་ཀྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱས་པ་དང་བསྟུན་ནས། ཉེ་བའི་ལོ་ཤས་ཀྱི་རིང་ལ་འབྲུག་ཆུ་ནགས་ཁུལ་གྱི་ནགས་ཚལ་ཐོན་ཁུངས་སླར་གསོ་བྱུང་བ་དང་ནགས་ཚལ་སྐྱེ་ཁམས་མ་ལག་རིམ་བཞིན་ཇེ་བརྟན་དུ་ཕྱིན་པ་དང་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་བཏང་སྟེ།སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཐུབ་པ་བྱུང་བ་དང་།  ནགས་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་ཁྱུ་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་བས།  སྔར་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མང་པོ་རིམ་བཞིན་མེད་པ་ནས་ཡོད་པ་དང་ཉུང་བ་ནས་ཇེ་མང་དུ་འགྲོ་བཞིན་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།