ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

ཡོང་ཁུངས། : མདོ་ལྷོའི་དྲ་བ།     སྤེལ་དུས། : 2016-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན་ལ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་དང་པོ་གཙོས་གྲོང་ཁྱེར་ཏུ་འཚོགས།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་ཞིང་གཏམ་བཤད།ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་དོན་གྲུབ་དང་། ལི་རུའེ་ཕིན། དབྱང་ཅན་གོ ལིའང་མིང་ཀོང་། དབྱང་ཀྲི་ཚའེ། དྲུང་ཡིག་ཆེན་མོ་ཏུན་ཡན་ཆིན་དང་ཨུ་ཡོན་བཅས་བསྡོམས་པས་མི27གྲོས་ཚོགས་སུ་ཞུགས།

ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥན་ཝུའུ་ཏེ་དང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་གཙོ་ལི་ཞའོ་ཉིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ་མ་ལུང་ཆོན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་འགན་ཁུར་བ། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་བ། ཁུལ་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རེན་ཨུ་ཡོན་གཞོན་པ་དང་ཨུ་ཡོན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་བྱ་བྱེད་ཨུ་ཡོན་ལྷན་ཁང་ཁ་ཤས་ཀྱི་ཀྲུའུ་རེན། ཨུ་ཡོན་གཞུང་སྒྲུབ་ཁང་སོ་སོའི་ཀྲུའུ་རེན་གཞོན་པ་བཅས་ཚོགས་འདུར་ཟུར་ཞུགས་བྱས། 

གྲོས་ཚོགས་ལས་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ (འཆར་ཟིན)ལ་གྲོས་འཆམ་བྱུང་ཞིང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ཨུ་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ཐག་གཅོད་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་སྒྲིག་གཞི་འཛུགས་སྟངས་ལེགས་སྒྲིག་བྱེད་པའི་སྐོར་གྱི་ཐག་གཅོད་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་འཆར་གྲོས་རིམ་དང་དུས་ཚོད་སྔོན་བསྒྲགས་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་མ་ཟད་གོ་གནས་བསྐོ་འཐེན་གྱི་བྱ་བ་སྤེལ།

ཨན་ཅིན་ལུང་གིས་སྐབས་གསར་བའི་དམངས་ཆེན་རྒྱུན་ཨུ་ཁང་གི་ཁོངས་མིས་རང་གི་ཕྲག་ཏུ་བབས་པའི་གཟི་བརྗིད་ཀྱི་ལས་འགན་ངོས་འཛིན་ཡང་དག་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་བ། ལྔ་བ། དྲུག་པ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ཉམས་རྟོགས་གཏིང་ཟབ་བྱེད་པ་བརྒྱུད་ནས་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ལས་རིམ་སོ་སོའི་བྱ་བ་ཡང་དག་པའི་ཕྱོགས་སུ་འཕེལ་བ་ཁག་ཐེག་བྱ་དགོས་ཞེས་བསྟན།

ཨན་ཅིན་ལུང་གིས་ལས་འགན་བརྩི་སྲུང་ནན་མོ་བྱས་ནས་དམངས་ཆེན་གྱི་བྱ་བར་ངོས་འཛིན་ཡང་དག་བྱ་དགོས་པ་དང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཁོངས་མིས་གཟི་བརྗིད་ཀྱི་ལས་འགན་ལ་ངོས་ཟིན་དང་རྒྱུས་ལོན་གསལ་བོ་བྱས་ནས་བྱ་བའི་འགན་འཁྲིའི་འདུ་ཤེས་དང་ཧུར་ཐག་འགན་ལེན་བཅས་ཀྱིས་རིམ་པ་སོ་སོའི་བྱ་བ་ནན་གྱིས་བསྒྲུབས་ནས་ནུས་པ་ཐོན་པར་བྱ་དགོས། ཁྲིམས་ལ་བརྟེན་ནས་འོས་འགན་ལག་བསྟར་གྱི་འདུ་ཤེས་མཐོར་འདེགས་དང་། སྤུས་ཚད་མཐོར་འདེགས། སྒྲིག་ཁྲིམས་བརྩི་སྲུང་བཅས་ཀྱིས་རང་རྟོགས་ཀྱིས་ཁོངས་མིའི་སྣང་བརྙན་སྲུང་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན། 

གྲོས་ཚོགས་ཀྱི་རྗེས་སུ་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གིས་གསར་དུ་བསྐོ་བཞག་བྱས་པའི་མི་སྣ་རྩ་འཛུགས་བྱས་ནས་རྩ་ཁྲིམས་མདུན་དུ་དམ་བཅའི་མནའ་ཚིག་བསྒྲགས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།