ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས“ཉེན་བྲལ་འགྲོ་སྐྱོད་དང་ཐཱན་ཉུང་འཚོ་བ། མི་ཚེ་བདེ་ཐང་། སྤྱོད་གཙང་སྤྱི་ཚོགས” བརྗོད་བྱ་གཙོ་བོ་ཡིན་པའི་བྱ་འགུལ་སྤེལ་འགོ་བརྩམས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2016-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས“ཉེན་བྲལ་འགྲོ་སྐྱོད་དང་ཐཱན་ཉུང་འཚོ་བ། མི་ཚེ་བདེ་ཐང་། སྤྱོད་གཙང་སྤྱི་ཚོགས”བརྗོད་བྱ་གཙོ་བོ་ཡིན་པའི་བྱ་འགུལ་སྤེལ་འགོ་བརྩམས་པ་མ་ཟད། གཙོས་ཤམ་བྷ་ལའི་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་འགོ་བརྩམས་པའི་མཛད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་མཛད་སྒོར་ཞུགས་ཤིང་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་མཛད་སྒོའི་གཙོ་འགན་ཁུར། ཚན་ཁག་ཆེན་པོ་བཞིའི་ས་གནས་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་ཞུས་ཆང་། ཝང་ཡུང་། སུང་ཀྲན་ཝུན་སོགས་མཛད་སྒོར་ཞུགས།

ཡུས་ཁྲིན་ཧུའེ་ཡིས་ཐེངས་འདིའི་བརྗོད་བྱ་གཙོ་བོའི་བྱ་འགུལ་སྤེལ་འགོ་བརྩམས་པ་དེ་ནི་ཀན་ལྷོའི་བའི“སྐྱེ་ཁམས་དད་མོས”དང“སྐྱེ་ཁམས་རང་རྟོགས”སྐུལ་སློང་དང་རྒྱ་བསྐྱེད་དེ། “ཕུན་སུམ་ཚོགས་པའི་རང་བྱུང་སྐྱེ་ཁམས་དང་འཆམ་མཐུན་གཏན་འཇགས་ཀྱི་སྤྱི་ཚོགས་སྐྱེ་ཁམས། སྐྱེ་སྟོབས་ལྡན་པའི་དཔལ་འབྱོར་སྐྱེ་ཁམས། འོད་སྟོང་འབར་བའི་མི་ཆོས་སྐྱེ་ཁམས་དང་མཐུན་སྒྲིལ་ཡར་ཐོན་གྱི་ཆབ་སྲིད་སྐྱེ་ཁམས”ཀྱི་དངོས་ཡོད་དགོས་མཁོ་མགྱོགས་མྱུར་གྱིས་བསྐྲུན་པ་ཡིན་ལ།  མཁར་གྲོང་གི་ཁོར་ཡུག་གཙང་སྦྲར་གཅིག་བསྡུས་སྒྲིག་བཅོས་བྱས་པའི་གྲུབ་འབྲས་གཏིང་ཟབ་ཏུ་གཏོང་བ་དང་།  དཔལ་འབྱོར་རིགས་བསྒྱུར་དང་རིག་གནས་ཡུལ་སྐོར་ཡར་འཕར་ཇེ་མགྱོགས་སུ་གཏོང་བ།  མི་རིགས་སོ་སོའི་བདེ་སྐྱིད་མཚོན་གྲངས་ཡར་འདེགས་གཏོང་བ།  ཏང་དང་མང་ཚོགས་བར་གྱི་འབྲེལ་འདྲིས་དམ་པོ་བྱེད་པ།  ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བའི་བླང་བྱ་འཐུས་ཚང་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་རྒྱ་བསྐྱེད་བཏང་བ་ཡིན་པ་དང་། ཀྲུང་དབྱང་གི“ཕུང་ལྔ་གཅིག་སྒྲིལ”གྱི་སྤྱིའི་བཀོད་པ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་པ། “གོང་འཕེལ་ཆེན་པོ་ལྔའི་འདུ་ཤེས”དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་འཁྱོལ་ཟབ་མོ་བྱས་ཏེ། “མཚོ་བོད་མཐོ་སྒང་གི་ཉེན་བྲལ་གྱི་དེང་རབས་ཅན་གྱི་སྔོན་སྐྱོད་མིག་དཔེ་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཡུལ་སྐོར་གྱི་མིག་དཔེ་ཁུལ། རྒྱལ་ཡོངས་མཁར་གྲོང་གི་ཁོར་ཡུག་གཙང་སྦྲར་སྒྲིག་བཅོས་བྱེད་པའི་མིག་དཔེ་ཁུལ”སྔོན་གཏོད་བྱེད་པའི་དངོས་སྒྲུབ་བྱེད་ཐབས་ཤིག་ཀྱང་ཡིན་ཞེས་བསྟན།

ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གྲོས་གཞི་བཏོན་ཟིན་པས། ཚང་མས་ངེས་པར་དུ་དང་དུ་བླངས་ཏེ། མགྱོགས་མྱུར་གྱིས་འགུལ་སྐྱོད་བྱས་ནས། ཁོར་ཡུག་གཙང་སྦྲར་གཅིག་བསྡུས་ཀྱིས་སྒྲིག་བཅོས་བྱས་པ་ལྟར། གྲོས་གཞིའི་བླང་བྱ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བཏང་སྟེ། མགྱོགས་མྱུར་གྱིས“ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཡོངས་འཛིན་པ་དང་གཙོ་བོ་ལྔ་གཅིག་བསྡུས་བྱེད་པ། ཁུལ་ཡོངས་ཀྱི་གོང་འོག་གིས་མཉམ་ཤུགས་འདོན་པའི”རྣམ་པ་ཆགས་སུ་བཅུག་སྟེ།“ཉེན་བྲལ་དང་ཐཱན་ཉུང་། ཁོར་ཡུག་སྲུང་སྐྱོང་། བདེ་ཐང་དང་སྤྱོད་གཙང”གི་ཚུལ་ལྡན་འདུ་ཤེས་དང་ཧུར་བརྩོན་གྲོན་ཆུང་གི་སྔར་ཡོད་སྤྱོད་བཟང་དེ་ཀན་ལྷོའི་ས་གཞི་ཆེན་པོར་ཁྱབ་ཏུ་འཇུག་དགོས་པའི་བླང་བྱ་བཏོན། 

འགོ་བརྩམས་པའི་མཛད་སྒོའི་སྟེང་དུ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུང་གིས《གྲོས་གཞི་འདོན་ཡིག》སྒྲོག་སྦྱང་བྱས། ཁུལ་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གི་འགན་ཁུར་བ་དང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི། ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་འཐུས་མི། ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཨུ་ཡོན་དང་སློབ་མའི་འཐུས་ཚབ་བཅས་ཀྱིས་གཏམ་བཤད།

དེའི་རྗེས་སུ“ཉེན་བྲལ་འགྲོ་སྐྱོད”མི་ཁྲི་ཡིས་བསྒྲུབ་རྒྱུ་ཁས་ལེན་གྱི་མིང་འགོད་པ་དང་ལྕགས་རྟ་བཞོན་ནས་སྐྱོད་པའི་དྲིལ་བསྒྲགས་བྱ་འགུལ་སྤེལ།

ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་གྲོས་ཚོགས་ཐེངས་དང་པོའི་འཐུས་མི་ཡོངས་རྫོགས་དང་གཙོས་ས་ཁུལ་གྱི་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི།  ཁུལ་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཨུ་ཡོན།  རྫོང་གྲོང་ཁྱེར་སོ་སོའི་ཚན་ཁག་ཆེན་མོ་བཞིའི་འགོ་ཁྲིད་པ་གཙོ་བོ།  ཁུལ་ཐད་གཏོགས་དང་ཞིང་ཆེན་གྱི་ཁུལ་དུ་བཅའ་སྡོད་བྱེད་པའི་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོའི་འགན་ཁུར་བློ་མཐུན། འཕྲོད་བསྟེན་མ་ལག་གི་འོས་འགན་བྱ་བྱེད་མཁན་གྱི་འཐུས་ཚབ། ཁུལ་དུ་བཅའ་སྡོད་བྱེད་པའི་དམག་དཔུང་གི་དཔོན་དམག་འཐུས་ཚབ། གཙོས་ས་ཁུལ་གྱི་སློབ་གྲྭ་ཁ་ཤས་ཀྱི་སློབ་མའི་འཐུས་ཚབ། གཙོས་གྲོང་ཁྱེར་ཐད་གཏོགས་ཀྱི་སྡེ་ཁག་སོ་སོ་དང་ཤང་གྲོང་། སྲང་ལམ་དོན་གཅོད་ཁང་གི་འགན་ཁུར་བ། གཙོས་ས་ཁུལ་གྱི་ཆོས་ལུགས་ཁག་གི་མི་སྣ། གཙོས་གྲོང་ཁྱེར་གྱི་ཤང་གྲོང་དང་སྲང་ལམ་ཁ་ཤས་ཀྱི་རོང་འབྲོག་པ་མང་ཚོགས་ཀྱི་འཐུས་ཚབ་བཅས་མི3000ལྷག་སྤེལ་འགོ་བརྩམས་པའི་མཛད་སྒོར་ཞུགས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།