ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་བཟོ་འགོད་ཆེན་པོ་ལྔས་ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་ཐོད་བརྒལ་ལེགས་འགྲུབ་བྱུང་བར་གཞོགས་འདེགས་བྱས་པ།

ཡོང་ཁུངས། : ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྩོམ་པ་པོ། : ཚེ་རིང་རྡོ་རྗེ།   སྤེལ་དུས། : 2016-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི་སྐབས་སུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་གྱི་ཞིང་གསུམ་བྱ་བའི་འཐབ་ཇུས་བཀོད་སྒྲིག་ཚང་མ་ལག་བསྟར་དོན་འཁྱོལ་བྱས་པས། རོང་འབྲོག་སྡེའི་བྱ་བར་འཕེལ་རྒྱས་རྣམ་པ་བཟང་བོ་ཤར་བ་དང་། དཔལ་འབྱོར་ གྱི་དམིགས་ཚད་གཙོ་བོ་དེ་དུས་མགོའི་དམིགས་འབེན་ལས་ཐོད་བརྒལ་བྱུང་ཡོད།

གཅིག་ནས་ཐོན་ལས་གསོ་སྐྱོང་བཟོ་འགོད་ལག་བསྟར་བྱས་ཏེ། འཐབ་ཇུས་རང་བཞིན་གྱི་གཙོ་འཁྲིད་ཁེ་ལས་དང་། ས་ཁོངས་རང་བཞིན་གྱི་དགེ་མཚན་ཐོན་ལས། ས་གནས་རང་བཞིན་གྱི་ཁྱད་ལྡན་ཐོན་ལས་གསུམ་པོས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ལེགས་སྒྲིག་ལ་སྐུལ་འདེད་བྱས་ཤིང་། འབྲི་གཡག་དང་བོད་ལུག་གི་གསོ་སྤེལ་ཐོན་ལས་ཁུལ་ཆེ་གྲས་ལྔ་བཙུགས་ཏེ། སྒོ་ཕྱུགས་ཀྱི་འཕེལ་ཚད་དང་ཕྱིར་བཙོང་ཚད། ཚོང་རྫས་སུ་གྱུར་ཚད་སོ་སོ་35%དང་46.5% ། 40.2%ལ་བསླེབས་སུ་བཅུག་ཡོད་པ་དང་། འབྲུ་རིགས་ཀྱི་སྤྱིའི་ ཐོན་ཚད་ཏུན་ཁྲི་དགུ་དང་། སྨན་རྒྱུའི་སྤྱིའི་ཐོན་ཚད་ཏུན་ཁྲི4.3ལ་བསླེབས་ནས། འདེབས་འཛུགས་ལས་རིགས་གཞི་ཁྱོན་ཅན་དང་སྤུས་ལེགས་ཅན། ཕན་འབྲས་ཅན་དུ་ཡར་བསྐྱེད་བྱུང་ཡོད། 2015ལོར། ཁུལ་ཡོངས་སུ་ཞིང་ཕྱུགས་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་29.9མངོན་འགྱུར་བྱུང་བས། 2010ལོ་དང་བསྡུར་ན་ལྡབ་གཅིག་འཕར་ཡོད།

  གཉིས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་བཟོ་འགོད་ལག་བསྟར་བྱས་ཏེ། ཆུ་དང་གློག། ལམ། སྡོད་ཁང་བཅས་གཙོ་བོ་བྱས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས། ཞིང་སྡེ་དང་འབྲོག་སྡེ་གསར་བའི་འཐུང་ཆུ་བདེ་འཇགས་བཟོ་སྐྲུན་165ལག་བསྟར་བྱས་ཏེ། མི་ཁྲི་6.4ཡི་འཐུང་ཆུའི་གནད་དོན་ཐག་བཅད་པ་དང་། གློག་བསྒྱུར་སྤྱིའི་ཤོངས་ཚད་སྟོང་ཧྥུ་ཁྲི53.9འཕར་བསྣོན་བྱུང་ཞིང་། གློག་འདོན་གློག་སྐུད་སྤྱི་ལེ་2628འཕར་སྣོན་བྱུང་བས་ཆུ་གློག་གི་འགག་རྩའི་གནད་དོན་ཐག་གཅོད་གང་ལེགས་བྱུང་ཡོད་ལ། མ་དངུལ་སྒོར་དུང་ཕྱུར་14.17བཏང་ནས་སྡེ་ལམ་སྤྱི་ལེ་3476ལས་ཤིང་། རོང་འབྲོག་སྡེའི་ཁང་རྙིང་བསྒྱུར་བཀོད་ལས་གཞི་ཁྱིམ་ཚང་74140ལ་ལག་བསྟར་བྱས་པས་སྡེ་བའི་ཕྱིའི་རྣམ་པ་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བ། འཕྲིན་གཏོང་སྐུད་ལམ་སྤྱི་ལེ་ཁྲི1.8འཐེན་པས། སྲིད་འཛིན་སྡེ་བའི་དྲ་ལམ་ཁེབས་ཚད་98.6%བསླེབས་ཡོད།

 གསུམ་ནས་དབུལ་སྐྱོར་གནད་འཕིགས་བཟོ་འགོད་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་བསྟུད་མར་ཇེ་ཉུང་དུ་བཏང་བ་དང་། དབུལ་ཕོངས་ཚད་དེ་51.3%ནས་22.6%ལ་མར་ཕབ་ཅིང་། ནང་སྒོས་སུ་རོང་འབྲོག་པ་མི་རེའི་ཆ་སྙོམ་ཡོང་སྒོ་རྐྱང་བའི་ཚད་གཞི་དེ་སྒོར་5870ལ་བསླེབས་པས། 2010ལོ་དང་བསྡུར་ན་སྒོར་3181 འཕར་ཡོད།

  བཞི་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟོ་འགོད་ལག་བསྟར་བྱས་པ་སྟེ། ཀན་ལྷོའི་རྨ་ཆུའི་ཆུ་ཁུངས་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོབ་ནུས་པ་གསབ་སྤྲོད་ཁུལ་གྱི་འཛུཊ་སྐྲུན་དང་། རྩྭ་ཐང་བྱེ་འགྱུར་འགོག་བཅོས། རྨོ་བསྐྱུར་ནགས་གསོ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ བཟོ་སྐྲུན་ཆེ་གྲས་ཁག་ཅིག་ལག་བསྟར་བྱས་ཤིང་།  འབྲོག་པ་ཁྱིམ་ཚང་ཁྲི་1.45གཏན་སྡོད་བྱས་པས། རང་བྱུང་སྐྱེ་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་སྔར་བས་ཇེ་མཐོར་སོང་བ་དང་། སྒོ་ཕྱུགས་ཁྲི20.53ཇེ་ཉུང་དུ་བཏང་ཡོད་པར་མ་ཟད། 2015ལོ་ནས་བཟུང་། རིགས་སྣ་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་5.63མཉམ་བསྲེས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་སྡེ་བ་103གསར་དུ་བཙུགས་པས། སྐྱེ་ཁམས་སླར་གསོ་དང་དཔེ་སྟོན་གྱི་ནུས་པ་བཟང་བོ་ཐོན་ཡོད།

  ལྔ་ནས་གཉིས་འབྲེལ་ལག་ལེག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། ལོ་ངོ་བཞི་ཡི་རིང་ལ། ཞིང་ཆེན་ནས་ཤང་རིམ་པར་གཉིས་འབྲེལ་ལས་ཁུངས་960དང་། ཉིས་འབྲེལ་ལས་བྱེད་པ་21699ཡོད་ལ། དེ་དག་གིས་ཡུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་661དང་སྡེ་ཁུལ12་ཀྱི་ཁྱིམ་ཚང་27436ལ་ཁ་གཏད་རོགས་སྐྱོར་བྱས་ཏེ། དོན་དངོས་སྣ་ཁ21600བསྒྲུབས་པ་དང་། མ་དངུལ་སྒོར་དུང་ཕྱུར་25.84བཏང་ནས། ཉིས་འབྲེལ་ཞིང་ཕན་མ་དངུལ་སྒོར་དུང་ཕྱུར་22.9བསྐྱིས་པ་དང་། རོང་འབྲོག་མང་ཚོགས་ཁྱིམ་ཚང་37600ལ་ཕན་བཏགས་ནས། བོད་ཁུལ་གྱི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བྱས་པ་རེད།  །

 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།