ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་རྨ་ཆུའི་སྐབས་དང་པོའི་ནོར་གནག་དཔྱད་བསྡུར་འགྲན་ཚོགས་ཆེན་མོ་དེ་ཟླ8པའི་ཚེས13ཉིན་ལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཨ་ཙི་ཕྱུགས་ལས་ཚན་རྩལ་དཔེ་སྟོན་ས་ཁུལ་ནས་གཟབ་རྒྱས་ངང་སྤེལ་རྒྱུའི་གྲ་སྒྲིག་བྱས་ཡོད།
ཐེངས་འདིའི་དཔྱད་བསྡུར་འགྲན་ཚོགས་ཆེན་མོས་སྔར་ལས་ལྷག་པར་བོད་ཀྱི་ཕྱུགས་ལས་རིག་གནས་དར་སྤེལ་དང་། རྨ་ཆུའི་ནོར་གནག་གི་མཚན་སྙན་གྲགས་ཇེ་མཐོ། རྨ་ཆུའི་ནོར་གནག་གི་མངོན་རྟགས་ཀྱི་རིན་ཐང་སྔོག་འདོན་དང་འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས། འབྲོག་པ་མང་ཚོགས་ཀྱིས་ཚན་རིག་ལྟར་སྒོ་ཕྱུགས་གསོ་བར་སྣེ་འཁྲིད་བཅས་བྱས་ནས་རྫོང་ཡོངས་ཀྱི་ནོར་གནག་ཐོན་ལས་ཚན་རིག་ལྟར་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ་དམིགས་འབེན་དུ་བཟུང་ཡོད།
རྨ་ཆུ་རྫོང་གི་ཞང་གྲོང་སོ་སོ་དང་རྨ་ཁུག་རྟ་ར། གཡག་ཐུག་གསོ་སྤེལ་གཞི་ས་བཅས་ཀྱིས་རུ་ཁག་རྩ་འཛུགས་བྱས་ནས་དཔྱད་བསྡུར་འགྲན་ཚོགས་སུ་ཞུགས་རྒྱུའི་འཆར་གཞི་ཡོད་ལ། འགྲན་ཚན་ལ་འབྲི་གཡག་ཐུག་དང་འབྲི་མོ་བཅས་ཀྱི་སྐོར་ཁག་གཉིས་སུ་བགོས་ཡོད་པ་དང་། སྐོར་ཁག་རེ་རེར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་རིམ་པ་བཀར་ཡོད།
ད་དུང་འགྲན་ཚོགས་སུ་ཀན་སུའུ་ཞིང་ཆེན་ཕྱི་ནང་གི་ཚན་རིག་ཞིབ་འཇུག་སློབ་གྲྭ་དང་ཕྱུགས་ལས་ཚན་རྩལ་ལས་ཁུངས་ཀྱི་ཆེད་ལས་མཁས་པ་དང་རྨ་ཆུ་རྫོང་ནང་ཁུལ་གྱི་ནོར་གནག་གསོ་སྤེལ་མཁན་གྱི་ནོར་གནག་དཔྱད་བསྡུར་ཚོ་ཆུང་བཙུགས་ཏེ། ཀན་ལྷོའི་ནོར་གནག་ཀན་སུའུ་ཞིང་ཆེན་གྱི་ས་གནས་ཚད་གཞི་ལྟར། རྨ་ཆུའི་ནོར་གནག་གི་དོན་དངོས་གཞིར་འཛིན་རྒྱུ་མ་ཟད། ནོར་གནག་གི་ཀོ་བ་དང་ལྗི་ཚད། གཟིགས་གཞི། ཐོན་ སྐྱེད་ནུས་པ། ཚན་རིག་ལྟར་གསོ་སྤེལ་སོགས་ཕྱོགས་ཡོངས་ནས་དཔྱད་བསྡུར་བྱས་རྗེས་དགའ་རྟགས་སྟེར་རྒྱུ་ཐག་གིས་བཅད་ཡོད། །