
ཟླ7པའི་ཚེས26ཉིན། མེ་གསོད་མི་སྣས་དབྱི་རག་གི་རྒྱལ་སའི་འགས་གཏོར་བྱུང་ཡུལ་དུ་མེ་གསོད་བཞིན་པ། ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། དབྱི་རག་གི་རྒྱལ་ས་པ་ཀི་ཏ་རུ་ཡོད་པའི་ཨ་རབ་འཁོར་སྐར་བརྙན་འཕྲིན་ཁང་གི་གཞུང་སྒྲུབ་ཐོག་ཁང་ལ་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་ཟེར།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་མང་པོས་ཚེས26ཉིན་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་བྱུང་བའི་ཨ་རབ་བརྙན་འཕྲིན་ཁང་གི་གསར་འགོད་པའི་ས་ཚིགས་ལ་འགས་གཏོར་འཇབ་རྒོལ་བྱས་པའི་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ནེ་ཞིར་ཅི་ཡིས་བཤད་རྒྱུར། ཕན་ཅི་བུན་གྱིས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དབྱི་རག་གནད་དོན་ཐད་ཀྱི་དམིགས་བསལ་འཐུས་མི་མེར་ཁི་ཐི་ཡིས་ཀྱང་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་དེས་ཡང་བསྐྱར་དབྱི་རག་གི་སྲིད་གཞུང་གསར་བ་མྱུར་དུ་འཛུགས་པའི་དགོས་ངེས་རང་བཞིན་མཚོན་ཡོད་ཅེས་བཤད་ཟེར། གསར་འགྱུར་རང་དབང་གི་འགན་འཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་པོ་ཁི་བ་ཡིས་ཀྱང་གསལ་སྒྲོག་སྤེལ་ཏེ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། དབྱི་རག་སྲིད་གཞུང་གིས་བྱེད་ཐབས་ཡོད་ཚད་སྤྱད་དེ་ཉེས་ཅན་མྱུར་དུ་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་། ཨ་རབ་བརྙན་འཕྲིན་ཁང་གི་པ་ཀི་ཏའི་གསར་འགོད་པའི་ས་ཚིགས་ལ་ཚེས26ཉིན་གྱི་སྔ་དྲོར་རང་སྲོག་བཅད་དེ་རླངས་འཁོར་འགས་གཏོར་བཏང་བའི་འཇབ་རྒོལ་ཐེབས་ཏེ། ད་བར་དུ་ཉུང་མཐར་ཡང་མི6ཚེ་ལས་འདས་པ་དང་། མི16ལ་རྨས་ཕོག །