ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མིན་ཞའོ་སི་ཡིས་ཚེས3ཉིན་བཤད་རྒྱུར། རྒྱལ་སྤྱིའི་ཕོ་མོ་འདྲ་མཉམ་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། ཕོ་མོ་འདྲ་མཉམ་གྱི་བཅའ་ཁྲིམས་འཛུགས་པ་དང་བུ་མོ་ཆུང་ཆུང་གི་སློབ་གསོ། སྡེ་ཁག་བརྒལ་བའི་འགུལ་བསྐྱོད་སྤེལ་ཏེ་བུད་མེད་ཀྱི་དྲག་ཤུགས་མེད་པར་གཏོང་བ་སོགས་ཀྱི་ཐད་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕོ་མོ་འདྲ་མཉམ་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པར་ད་རུང་འགྲན་རྩོད་དང་དཀའ་ཁག་མང་བོ་གནས་ཡོད།
མིན་ཞའོ་སི་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྗེས་དྲན་བྱེད་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་སྐབས། འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དུང་ཕྱུར་བཅུ་ལྷག་ཡོད་པའི་ནང་བུད་མེད་ཀྱིས་མང་ཤས་ཟིན་ཡོད་ཅིང་། ལོ་རེར་བུད་མེད་དང་བུ་མོ་ཆུང་ཆུང་འབུམ་ལྔ་དང་ཁྲི་གསུམ་སྟོང་དྲུག་ལྷག་མངལ་སྦྲུམ་པ་དང་བྱིས་པ་བཙའ་བའི་སྐབས་སུ་ཚེ་ལས་འདས་བཞིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་བུད་མེད་གྲོས་མིའི་ཆ་སྙོམས་བསྡུར་ཚད་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་བདུན་ཙམ་ཡིན་ལ། བུད་མེད་ཀྱི་ལས་ཞུགས་གོ་གནས་དམའ་བའི་གནད་དོན་འབུར་དུ་ཐོན་ཡོད་པར་མ་ཟད། རྣམ་པ་སྣ་ཚོགས་པའི་བུད་མེད་ལ་མཐོང་ཆུང་བྱེད་པའི་གནས་ཚུལ་སྔར་བཞིན་གནས་ཡོད། །
