ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་ཡིས་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ་དབྱི་ལིང་གི་འགྲུལ་བཞུད་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་བཞིའི་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། ཉེ་སྔོན་དབྱི་ལིང་དུ་འཚམས་འདྲི་བྱས་པ་དང་འཇར་པན་གྱི་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

ཨན་པའེ་ཅིན་སན་གྱིས་དབྱི་ལིང་དུ་འཚམས་འདྲི་མ་བྱས་གོང་ཐི་ལིང་ཕུའུ་ལ་ཁ་པར་བཏང་། ཚེས་བཅུ་བཞིའི་ཉིན་ཁོ་རང་ཕྱིར་རྒྱལ་ནང་དུ་ལོག་རྗེས་ཡང་བསྐྱར་ཐི་ལིང་ཕུའུ་ལ་ཁ་པར་བཏང་། ཁ་པར་གཏོང་སྐབས་ཨན་པའེ་ཅིན་སན་གྱིས་ཁོས་དབྱི་ལིང་དུ་འཚམས་འདྲི་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཐི་ལིང་ཕུའུ་ཡིས་ཨན་པའེ་ཅིན་སན་ལ་བཀའ་དྲིན་ཞུས་པར་མ་ཟད། དབུས་ཤར་ས་ཁུལ་གྱི་གཏན་འཇགས་གནད་དོན་ཐད་ནས་འཇར་པན་བར་མཉམ་ལས་ཟབ་མོ་བྱེད་རྒྱུའི་ཚུལ་བསྟན། 

ཨན་པའེ་ཅིན་སན་གྱིས་ཁ་པར་བཏང་རྗེས་གསར་འགོད་པར་བཤད་རྒྱུར། འཇར་པན་གྱི་སྣུམ་འདྲུད་གྲུ་གཟིངས་ལ་ཧའོ་ཨར་མུའུ་ཙི་མཚོ་འགག་ཉེ་འདབས་ནས་འཇབ་རྒོལ་ཐེབས་པའི་དོན་དེ་སུས་བཟོས་པ་ཡིན་ཡང་། ཉེན་ཁའི་བྱ་སྤྱོད་དེ་རིགས་ལ་འཇར་པན་གྱིས་མཐའ་གཅིག་ཏུ་རྒོལ་གཏམ་གཏོང་བཞིན་ཡོད། འཇར་པན་གྱིས་ཕྱིན་ཆད་ཨ་མེ་རི་ཁ་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་མཉམ་ལས་ཟབ་མོ་བྱས་ཏེ། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ཀྱི་ཆེད་དུ་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཐི་ལིང་ཕུའུ་ཡིས་ཉིན་དེའི་སྔ་དྲོར་ཨན་པའེ་ཅིན་སན་བར་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཨན་པའེ་ཅིན་སན་གྱིས་དབྱི་ལིང་དུ་འཚམས་འདྲི་བྱས་པ་གནད་དོན་དང་། སྣུམ་འདྲུད་གྲུ་གཟིངས་གཉིས་ལ་ཨ་མན་མཚོ་འགག་ནས་འཇབ་རྒོལ་ཐེབས་པའི་གནད་དོན། ཨ་མེ་རི་ཁ་དང་འཇར་པན་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲོས་མོལ། དེ་མིན་ཟླ་འདིའི་ཟླ་མཇུག་ཏུ་འཇར་པན་གྱི་ཏཱ་པན་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སོགས་ལ་གྲོས་བསྡུར་བྱས་ཟེར། 

ཨན་པའེ་ཅིན་སན་གྱིས་ཉེ་སྔོན་དབྱི་ལིང་དུ་འཚམས་འདྲི་བྱས་པ་དང་། ལོ་ངོ་ཞེ་གཅིག་ཙམ་གྱི་རིང་ལ་དབྱི་ལིང་དུ་འཚམས་འདྲི་བྱས་པའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཐོག་མར་གྱུར། འཚམས་འདྲི་བྱེད་སྐབས་ཨན་པའེ་ཅིན་སན་གྱིས་སོ་སོར་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་གཉིས་དང་གྲོས་མོལ་བྱས། ཧཱ་མཱེ་ནེ་དབྱེ་ཡིས་ཨན་པའེ་ཅིན་སན་གྱིས་ཐི་ལིང་ཕུའུ་ཡི་ངག་འཕྲིན་བརྒྱུད་སྒྲོག་བྱས་པ་དང་ལེན་མ་བྱས་པ་དང་། དབྱི་ལིང་ཨ་མེ་རི་ཁར་ཡིད་ཆེས་ཅུང་ཙམ་ཡང་མེད་ལ། ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་མི་སྲིད་པའི་ཚུལ་བསྟན། 

ནོར་ཝེའི་སྣུམ་འདྲུད་གྲུ་གཟིངས་ཤིག་དང་འཇར་པན་གྱི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་ཚེས་བཅུ་གསུམ་ཉིན་ཨ་མན་མཚོ་ཁོངས་ནས་འཇབ་རྒོལ་ཐེབས་ཏེ་འགས་གཏོར་བྱུང་སྟེ་མེ་སྐྱོན་ཆེན་པོ་བྱུང་། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། དབྱི་ལིང་གིས་ཨ་མན་མཚོ་ཁོངས་ནས་བྱུང་བའི་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་འགན་ཁུར་དགོས་ཀྱང་། བྱེ་བྲག་གི་རྒྱུ་རྐྱེན་ཅི་ཡིན་གསལ་བོར་བཤད་མེད།

དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་སྐྱོན་འཛུགས་དེར་བདེན་དཔང་ཅི་ཡང་མེད་ཟེར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་གསལ་སྒྲོག་སྤེལ་ནས། དབྱི་ལིང་ལ་དམིགས་པའི་སྐྱོན་འཛུགས་དེ་ནི་ཨ་མེ་རི་ཁ་དང་དབུས་ཤར་ས་ཁུལ་གྱི་གླག་རྒོད་ཕྱོགས་ཁག་གི་ཆབ་སྲིད་མགོ་ཁྲིད་པའི་གཡོ་ཇུས་ཤིག་ཡིན་པ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།