ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་ཨན་པེ་ཅིན་སན་གྱིས་ཐི་ལིང་ཕུའུ་ཡི་ངག་འཕྲིན་བརྒྱུད་སྒྲོག་བྱས་པ་དང་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་དཔོན་ཕྱོགས་གསར་འགྱུར་ལས་ཁུངས་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་རྒྱུར། དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ལ་མཇལ་འཕྲད་གནང་སྐབས། ཨན་པེ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡི་ངག་འཕྲིན་བརྒྱུད་སྒྲོག་བྱས་པ་དེ་དང་ལེན་མ་བྱས་ཟེར།

མཇལ་འཕྲད་གནང་བའི་བརྒྱུད་རིམ་ཁྲོད་དུ། ཧ་མེ་ནེ་དབྱི་ཡིས་ཐེངས་མང་པོར་ཨན་པེ་ཅིན་སན་ལ་བཤད་རྒྱུར། ཐི་ལང་ཕུའུ་ཡི་ཆེད་དུ་གནས་ཚུལ་གང་ཡང་བརྒྱུད་སྒྲོག་བྱེད་རིན་མེད། དབྱི་ལང་ཨ་མེ་རི་ཁར་ཡིད་ཆེས་གཏན་ནས་མེད་པ་དང་། དབྱི་ལང་གིས་སྔོན་ཆད་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་སྒྲོམ་གཞིའི་འོག་ཨ་མེ་རི་ཁར་གྲོས་མོ་བྱས་པ་དེ་བསྐྱར་ཟློས་བྱེད་མི་འདོད་ལ། དེ་ནི་སྤྲོ་སྐྱིད་ཀྱི་དོན་དག་ཅིག་མིན་ཟེར།

ཡིན་ནའང་། ཨན་པེ་ཡིས་ཐི་ལང་ཕུའུ་ཡི་ཨ་མེ་རི་ཁས་དབྱི་ལང་གི་སྲིད་དབང་བརྗེ་སྤོར་བྱེད་འདོད་མེད་ཅེས་པའི་སྐད་ཆ་དེ་བརྒྱུད་སྒྲོག་བྱས། ཧ་མེ་ནེ་དབྱི་ཡིས་དེ་ལ་ལན་འདེབས་སྐབས། དབྱི་ལང་དང་ཨ་མེ་རི་ཁའི་བར་གྱི་འགལ་བ་ནི་སྲིད་དབང་བརྗེ་སྤོར་གྱི་གནད་དོན་སྟེང་དུ་མེད། རྒྱུ་མཚན་ནི་ཨ་མེ་རི་ཁས་དམིགས་འབེན་དེ་རྩ་བ་ནས་མངོན་འགྱུར་བྱེད་མི་ཐུབ། འདས་ཟིན་པའི་ལོ་བཞི་བཅུའི་རིང་ལ། ཨ་མེ་རི་ཁའི་ཙུང་ཐུང་མང་པོས་དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྩ་མེད་དུ་གཏོང་རྩིས་བྱས་ནའང་། ཚང་མས་ཕམ་ཁ་མྱངས་པ་རེད་ཅེས་བཤད།

ཧ་མེ་ནེ་དབྱི་ཡིས་དབྱི་ལང་གིས་ཉིང་རྡུལ་མཚོན་ཆ་གོང་འཕེལ་དུ་མི་གཏོང་བ་བསྐྱར་སྒྲོག་བྱས། ཡིན་ནའང་ཁོས་དམིགས་བསལ་གྱིས་གསལ་བཤད་བྱེད་རྒྱུར། དབྱི་ལང་གིས་ཉིང་རྡུལ་མཚོན་ཆ་གོང་འཕེལ་དུ་གཏོང་རྩིས་བྱས་ནའང་། ཨ་མེ་རི་ཁར་ཐབས་ཅི་ཡང་མེད། ཨ་མེ་རི་ཁའི་བཀག་རྒྱ་དེ་དབྱི་ལང་གིས་ཉིང་རྡུལ་མཚོན་ཆ་གོང་འཕེལ་དུ་གཏོང་བའི་བར་ཆད་དུ་འགྱུར་མི་སྲིད། དེས་མི་ཚད་ཨ་མེ་རི་ཁ་རང་ལ་ཉིང་རྡུལ་མཚོན་ཆ་འབོར་ཆེན་ཡོད་པས། ཉིང་རྡུལ་མཚོན་ཆའི་གནད་དོན་ཐད་ནས་རྒྱལ་ཁབ་གཞན་དག་ལ་བཀོད་འདོམས་བྱེད་པའི་ཐོབ་ཐང་མེད་ཟེར།

དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡས་ཉིན་དེའི་ཐུག་འཕྲད་ལ་ཞུགས།

ན་ནིང་གི་ཟླ་ལྔ་པར། ཐི་ལང་ཕུའུ་ཡིས་ཨ་མེ་རི་ཁ་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་གྲས་ནས་ཕྱིར་བུད་པ་ཁྱབ་སྒྲོག་བྱས་པ་དང་། དེའི་རྗེས་སུ་ཨ་མེ་རི་ཁས་བསྟུད་མར་དབྱི་ལང་ལ་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་སྤྱད། དབྱི་ལང་ཕྱོགས་ཀྱིས་ཕྱིར་བཀག་སྡོམ་བྱེད་ཐབས་སྤྱད་པར་མ་ཟད། ད་ལོའི་ཟླ་ལྔ་པར་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཁྲོད་ཀྱི་དོན་ཚན་ཁ་ཤས་གནས་སྐབས་སུ་ལག་བསྟར་བྱེད་མཚམས་བཞག་པ་ཁྱབ་སྒྲོག་བྱས། དབྱི་ལང་ལ་བཀག་སྡོམ་བྱས་པར་ཡུན་རིང་པོར་ཕན་འབྲས་མ་ཐོབ་པས། ཨ་མེ་རི་ཁས་ཉེ་སྔོན་ནས་བཟུང་རྣམ་འགྱུར་ཇེ་ལེགས་སུ་སོང་སྟེ། དབྱི་ལང་ལ་གྲོས་མོལ་བྱེད་འདོད་པའི་ཚུལ་བསྟན། དབྱི་ལང་ཕྱི་འབྲེལ་པུའུ་ཡིས་དོན་དེའི་ཐད་ནས་བསྟན་དོན། ཨ་མེ་རི་ཁ་ནི་ཡི་གེའི་རྩེད་མོ་ལྟ་བུ་རྩེ་བཞིན་པས། དབྱི་ལང་གིས་ཡིད་ཆེས་བྱེད་རིན་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།