ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཡང་བསྐྱར་ཅིན་ཀྲིན་ཨིན་གྱི་འཕྲིན་ཡིག་འབྱོར་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཁོ་ལ་ཡང་བསྐྱར་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་འཕྲིན་ཡིག་འབྱོར་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཁོ་ལ་ཚེས་བཅུ་ཉིན་འཕྲིན་ཡིག་དེ་འབྱོར་བ་དང་། ཅིན་ཀྲིན་ཨིན་གྱི་འཕྲིན་ཡིག་དེ་བརྩེ་བ་ཆེ་ཞིང་མཛའ་མཐུན་ལྡན་པ་ཞིག་རེད་ཟེར། ཐི་ལིང་ཕུའུ་ཡིས་འཕྲིན་ཡིག་གི་ནང་དོན་གསལ་བོར་བསྒྲགས་མེད། 

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོ་དང་ཅིན་ཀྲིན་ཨིན་གཉིས་ཀྱི་འབྲེལ་བ་བཟང་བ་དང་། ཅིན་ཀྲིན་ཨིན་གྱིས་དམ་བཅའ་ལག་ལེན་དུ་བསྟར་ཡོད་ཟེར། ཁོས་ད་རུང་བསྟན་དོན། ཁྲའོ་ཞན་ལ་ཅིན་ཀྲིན་ཨིན་གྱི་མགོ་ཁྲིད་འོག་སྦས་ཤུགས་ཆེན་པོ་ལྡན་ཟེར། 

ཅིན་ཀྲིན་ཨིན་དང་མཉམ་དུ་ཡང་བསྐྱར་གྲོས་མོལ་བྱེད་མིན་གྱི་གནད་དོན་ལ་ལན་འདེབས་སྐབས་ཐི་ལིང་ཕུའུ་ཡིས་གྲོས་མོལ་བྱེད་སྲིད་ཀྱང་ཁྲིགས་ཁྲིགས་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།