ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190611093358lKfC.jpg

ཟླ6པའི་ཚེས10ཉིན། མཱ་སི་ཡིས་དབྱི་ལིང་དུ་འཚམས་འདྲི་བྱས་པ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཚེས10ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་དེ་གལ་འགངས་ཧ་ཅང་ཆེ་བ་དང་། ཕྱོགས་སོ་སོས་མཉམ་དུ་དེར་སྲུང་སྐྱོབ་བྱ་དགོས་ལ། དབྱི་ལིང་གི་གྲོས་མཐུན་ཁྲོད་ཀྱི་ཁེ་ཕན་ལ་འགན་སྲུང་ཐོབ་དགོས་ཟེར། 

མཱ་སི་ཡིས་ཉིན་དེར་དབྱི་ལིང་དུ་དུས་ཡུན་ཉིན་གཅིག་གི་འཚམས་འདྲི་བྱས་པ་དང་། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱས། མཱ་སི་ཡིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བཀོད་པའི་རྒྱལ་ཁབ་ཡིན་པའི་ཆ་ནས། འཇར་མན་དང་ཧྥ་རན་སི། དབྱིན་ཇི་བཅས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་གྲོས་མཐུན་དེའི་ཕན་ནུས་རང་བཞིན་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་དང་། དབྱི་ལིང་ལ་གྲོས་མཐུན་ཁྲོད་གཏན་འཁེལ་གསལ་བོ་བྱས་པའི་དཔལ་འབྱོར་ཁེ་ཕན་ཐོབ་པར་རོགས་རམ་བྱེད་རྒྱུ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྱང་རང་ནུས་ཅི་ལྕོགས་ཀྱིས་དོན་དེར་འགན་སྲུང་བྱེད་སྲིད་ཟེར། 

མཱ་སི་ཡིས་བཤད་རྒྱུར། ཡོ་རོབ་གླིང་རྒྱལ་ཁབ་དག་གིས་ཉོ་ཚོང་འགྲོ་འོང་གིས་རྒྱབ་སྐྱོར་བྱེད་པའི་རྩིས་ལེན་རྐྱེན་སྲོལ་ལ་བརྟེན་ནས་དབྱི་ལིང་བར་གྱི་ཕྱོགས་གཉིས་ཉོ་ཚོང་རྒྱ་བསྐྱེད་པའི་རེ་བ་ཡོད་པར་མ་ཟད། དབྱི་ལིང་གིས་དེར་བརྟེན་ནས་དཔལ་འབྱོར་འཕར་སྣོན་མངོན་འགྱུར་ཐུབ་པའི་རེ་བ་ཡོད་ལ། དབྱི་ལིང་ལ་ཉིང་རྡུལ་ནུས་པའི་གྲོས་མཐུན་གཞིར་བཟུང་ནས་དཔལ་འབྱོར་ཐད་ཀྱི་ཁེ་ཕན་ཐོབ་པར་བྱེད་པའི་དབང་ཆ་ཡོད་ཟེར། 

ཀྲ་ལི་ཧྥུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔའི་གནས་ཚུལ་འོག དབྱི་ལིང་དང་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་སྲིད་པའི་ངེས་པ་མེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།