ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཨར་ཏའོ་ཝ་ཡི་ཙུང་ཐུང་ཚབ་མ་ཡིས་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཨར་ཏའོ་ཝ་ཡི་ཙུང་ཐུང་ཚབ་མ། ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཧྥེ་ལེ་ཕུའུ་ཡིས་ཚེས་དགུའི་ཉིན་གྲོས་ཁང་གཏོར་བའི་བཀའ་རྒྱ་བཀོད་པར་མ་ཟད། ཟླ་དགུ་བའི་ཚེས་དྲུག་ཉིན་སྔ་སྣུར་གྱིས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། 

མའོ་ཨར་ཏའོ་ཝ་ཡི་གསར་འགྱུར་ལས་རིགས་ཀྱིས་ཚེས་དགུའི་ཉིན་བསྒྲགས་པ་ལྟར་ན། མའོ་ཨར་ཏའོ་ཝའི་རྩ་ཁྲིམས་ཁྲིམས་ཁང་གིས་ཉིན་དེའི་ཉིན་གུང་བྲེལ་མྱུར་གྲོས་ཆོད་བཀོད་དེ། ཏའོ་ཏུང་གིས་ཙུང་ཐུང་གི་འགན་དབང་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད། རྩ་ཁྲིམས་ལྟར་ན། ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཧྥེ་ལེ་ཕུའུ་ཡིས་ཙུང་ཐུང་གི་ཚབ་ཏུ་འགན་དབང་ལག་བསྟར་བྱེད་དགོས་པ་རེད། ཧྥེ་ལེ་ཕུའུ་དེ་མ་ཐག་གྲོས་ཁང་གཏོར་བའི་བཀའ་རྒྱ་བཀོད་པ་རེད། 

མའོ་ཨར་ཏའོ་ཝ་ཡིས་ད་ལོའི་ཟླ་གཉིས་པའི་ཚེས་ཉེར་བཞིའི་ཉིན་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། སྲིད་ཏང་གང་རུང་ལ་ལས་གནས་མང་བོ་ཐོབ་མེད་པས་ནེ་ཀི་རྩ་འཛུགས་བྱེད་པའི་གྲོས་མོལ་ལ་དཀའ་སྡུག་ཆེན་པོ་བྱུང་། 

མའོ་ཨར་ཏའོ་ཝའི་དབང་འཛིན་ལས་ཁུངས་སུ་སྲིད་གཞུང་གཉིས་བྱུང་བའི་དབང་གིས་རྙོག་འཛིང་གི་རྣམ་པར་གྱུར། ཟླ་འདིའི་ཚེས་བརྒྱད་ཉིན་སྤྱི་ཚོགས་རིང་ལུགས་པའི་ཏང་དང་ད་ལྟའི་འགྲན་རྩོད་མནའ་འབྲེལ་གྱིས་སྲིད་འཛིན་མནའ་འབྲེལ་འཛུགས་རྒྱུ་ཁྱབ་སྒྲོག་བྱས་པ་དང་། མའོ་ཨར་ཏའོ་ཝའི་གྲོས་ཁང་ནས་འདེམ་ཤོག་མང་ཤོས་ཐོབ་ནས་སྤྱི་ཚོགས་རིང་ལུགས་པའི་ཏང་གི་ཀྲུའུ་ཞི་ཀི་ལོས་ཆཱ་ནེ་གྲོས་དཔོན་གསར་བར་བསྐོ་འཇོག་བྱས་པར་མ་ཟད། ད་ལྟའི་འགྲན་རྩོད་མནའ་འབྲེལ་གྱི་གཙོ་འཛིན་སིང་ཏུའུ་ཉིན་དེའི་དགོང་མོར་ཙུང་ཐུང་ཏའོ་ཏུང་གིས་མིང་བཏོན་ནས་ཙུང་ལིའི་འགན་ཁུར་དུ་བཅུག དེ་བས་སིང་ཏུའུ་ཡིས་མགོ་ཁྲིད་པའི་སྲིད་གཞུང་གསར་བར་དེའི་རྗེས་སུ་གྲོས་ཁང་ནས་གྲོས་འཆམ་བྱུང་སྟེ་དམ་བཅའ་བཞག་ནས་ལས་འགན་ཁུར་བ་རེད། 

ཡིན་ཡང་མའོ་ཨར་ཏའོ་ཝ་ཡ་རྩ་ཁྲིམས་ཁྲིམས་ཁང་གིས་གྲོས་དཔོན་གསར་བའི་བདམས་ཐོན་དང་ཙུང་ལི་གསར་བའི་མིང་འདོན་དེ་ཁས་ལེན་མ་བྱས་པ་དང་། གྲོས་ཁང་གི་གོང་གི་ཆོད་དོན་དེ་ནུས་མེད་ཡིན་པ་ཁྱབ་སྒྲོག་བྱས། རྒྱུ་མཚན་ནི་གྲོས་ཁང་གསར་བས་ཟླ་དྲུག་པའི་ཚེས་བདུན་ཉིན་ཏེ་གྲོས་ཁང་བཙུགས་ནས་ཉིན་དགུ་བཅུའི་ནང་སྲིད་འཛིན་མནའ་འབྲེལ་རྩ་འཛུགས་བྱེད་མ་ཐུབ་པས་རེད། དེ་བས་ཙུང་ཐུང་གིས་ངེས་པར་དུ་གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཁྱབ་སྒྲོག་བྱེད་དགོས་པའི་རེ་བ་བཏོན། དེའི་ཞོར་དུ་གྲོས་ཁང་གི་ཏང་ཁག་ཆེན་མོ་དམངས་གཙོ་ཏང་གི་གཙོ་འཛིན་ཕུའུ་ལཱ་ཧའོ་ཐི་ཉིག་ཁི་ཡིས་བསྟན་དོན། སྤྱི་ཚོགས་རིང་ལུགས་པའི་ཏང་དང་ད་ལྟའི་འགྲན་རྩོད་མནའ་འབྲེལ་གྱི་འགུལ་སྐྱོད་ནི་སྲིད་འགྱུར་ཡིན་པ་དང་། མའོ་ཨར་ཏའོ་ཝ་ཆབ་སྲིད་ཀྱི་དཀའ་སྡུག་ལས་ཐར་བའི་ཐབས་ལམ་ཉག་ཅིག་ནི་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་དེ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།