ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཕྱི་རྒྱལ་དམག་དཔུང་ཚང་མ་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཡིས་ཚེས་ཉེར་བརྒྱད་ཉིན་མའོ་སི་ཁི་ནས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་གནས་བབ་རྒྱུན་ལྡན་ཅན་དུ་འགྱུར་ཆེད། ཕྱི་རྒྱལ་གྱི་དམག་དཔུང་ཚང་མ་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སི་དང་ཨ་ཧྥུའུ་ཧན་གྱི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་ཕྱི་རྒྱལ་གྱི་དམག་དཔུང་ཚང་མ་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་གྲོས་གཞི་འདོན་བཞིན་ཡོད་པ་དང་། ཞོར་དུ་ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོས་མྱུར་དུ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། ཨ་ཧྥུའུ་ཧན་གྱི་འཁྲུག་རྩོད་དེར་དམག་དོན་གྱི་ཐག་གཅོད་ཇུས་གཞི་ཡོད་མི་སྲིད་པ་དང་། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཞི་བདེ་མངོན་འགྱུར་བྱེད་པ་ནི་སྤྱད་ཆོག་པའི་ཐག་གཅོད་བྱེད་ཐབས་གཅིག་པུ་ཡིན་པར་ཡིད་ཆེས་བྱས་ཡོད་ཟེར། 

ཐཱ་ལེ་པན་ཆབ་སྲིད་ཅུའུ་ཡི་མགྲིན་ཚབ་པ་ཧྲ་ཞིན་གྱིས་ཚོགས་ཐོག་ནས་བསྟན་དོན། མིག་སྔར་ཕྱི་རྒྱལ་གྱི་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པའི་གནད་དོན་ཐད་ནས་གྲོས་མོལ་བྱས་ཏེ་གྲུབ་འབྲས་བླངས་ཡོད། ཐཱ་ལེ་པན་གྱིས་ཨ་མེ་རི་ཁ་དང་མཉམ་དུ་སྐོར་ཐེངས་རྗེས་མའི་གྲོས་མོལ་ཁྲོད་ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པར་གྲོས་མཐུན་འགོད་པའི་རེ་བ་ཡོད་ཟེར། 

ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པའི་ཐཱ་ལེ་པན་གྱི་འཐུས་མི་མང་བོས་བསྟན་དོན། ཨུ་རུ་སི་དང་ཨ་ཧྥུའུ་ཧན་གྱིས་ཕྱོགས་ཡོངས་ནས་དཔལ་འབྱོར་དང་ཆབ་སྲིད་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་པ་དང་། རྒྱུ་མཚན་ནི་ཕྱོགས་གཉིས་ཀྱི་ཁེ་ཕན་གཅིག་ཏུ་སྦྲེལ་ཡོད་པས་ཡིན་ཟེར། 

ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ་གཉིས་པའི་བར། ཨ་ཧྥུའུ་ཧན་དུ་བྱང་ཆིངས་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་འཐབ་འཁྲུག་མ་ཡིན་པའི་ལས་འགན་ལག་བསྟར་བྱེད་པར་ཞུགས་པའི་རྒྱལ་ཁབ་སོ་སོའི་བཅའ་སྡོད་དམག་མི་བསྡོམས་པས་མི་ཁྲི་གཅིག་དང་སྟོང་བདུན་ཡོད་པ་དང་། རྒྱལ་ཁབ་སོ་དགུ་ནས་ཡོང་བ་ཡིན་ལ། གཙོ་བོ་ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་ལ་གསོ་སྦྱོང་སོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པའི་འགན་ཁུར་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།