ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་ཟླ་རྗེས་མར་བག་འཁུམ་ཏང་གི་མགོ་ཁྲིད་པའི་ལས་འགན་བསྐྱུར་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་བཞིའི་ཉིན། དབྱིན་ཇིའི་ལོན་ཏོན་གྱི་ཐང་ཉིན་སྲང་ལམ་སྒོ་རྟགས་ཨང་བཅུ་བའི་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཁོ་མོས་ཟླ་དྲུག་པའི་ཚེས་བདུན་ཉིན་བག་འཁུམ་ཏང་གི་མགོ་ཁྲིད་པའི་ལས་འགན་བསྐྱུར་རྒྱུ་ཡིན་ཟེར། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཁོ་མོས་ཟླ་དྲུག་པའི་ཚེས་བདུན་ཉིན་བག་འཁུམ་ཏང་གི་མགོ་ཁྲིད་པའི་ལས་འགན་བསྐྱུར་རྒྱུ་ཡིན་ཡང་། བག་འཁུམ་ཏང་གི་མགོ་ཁྲིད་པ་གསར་བ་བདམས་ཐོན་འབྱུང་རག་བར་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་རྒྱུ་ཡིན་ཟེར། 

ཐི་ལོས་ཧྲ་མཱེ་ཡིས་ཉིན་དེར་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་ཕྱི་རོལ་ནས་གསལ་སྒྲོག་སྤེལ་སྐབས་བཤད་རྒྱུར། དབྱིན་ཇིའི་སྣེ་ཁྲིད་དེ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་མངོན་འགྱུར་བྱེད་མ་ཐུབ་པར་འཕང་སེམས་ཆེན་པོ་སྐྱེས་ཡོད་ལ། དབུ་བཞུགས་བློན་ཆེན་གསར་བ་ཞིག་གིས་དབྱིན་ཇིའི་སྣེ་ཁྲིད་དེ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་འཕེལ་རིམ་མུ་མཐུད་དུ་སྤེལ་བ་དབྱིན་ཇིའི་ཁེ་ཕན་དང་འཚམ་ཟེར། 

ཁོ་མོས་གཏམ་བཤད་སྤེལ་སྐབས་མིག་ཆུ་བཞུར་བཞིན་ཡོད་པ་དང་། རང་ཉིད་དགའ་ཞེན་ཆེ་བའི་རྒྱལ་ཁབ་ལ་ཞབས་འདེགས་ཞུ་ཐུབ་པ་ནི་རང་ཉིད་ཀྱི་གཟི་བརྗིད་ཡིན་ཟེར། 

ཐི་ལོས་ཧྲ་མཱེ་ཡིས་ཉིན་དེར་བག་འཁུམ་ཏང་གི་གྲོས་མིའི་ཚོགས་ཁག་གཅིག་དགུ་གཉིས་གཉིས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ལོས་ཏིས་ལ་ཐུག་འཕྲད་བྱས། གཅིག་དགུ་གཉིས་གཉིས་ཨུ་ཡོན་ལྷན་ཁང་ནི་གྲོས་ཁང་ཞོལ་མའི་བག་འཁུམ་ཏང་གི་སྤྱིར་བཏང་གྲོས་མིས་གྲུབ་པ་ཡིན་ཞིང་། དབུ་བཞུགས་བློན་ཆེན་གྱི་འདེམ་སྒུག་པ་ཐག་གཅོད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། 

དབྱིན་ཇི་ཡིས་དེའི་སྔོན་ཡོ་རོབ་གླིང་མནའ་འབྲེལ་བར་བཀོད་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལ་ཐེངས་གསུམ་པར་དབྱིན་ཇིའི་གྲོས་ཁང་ཞོལ་མས་ཁས་ལེན་མ་བྱས་པ་རེད། གྲོས་མཐུན་དེར་གྲོས་འཆམ་འབྱུང་བར་སྐུལ་འདེད་གཏོང་བའི་ཆེད་དུ། ཐི་ལོས་ཧྲ་མཱེ་ཡིས་སྔོན་ཆད་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལ་དབྱིན་ཇིའི་གྲོས་ཁང་ཞོལ་མའི་ཆོག་མཆན་ཐོབ་ན། ཁོ་མོས་སྔ་སྣུར་གྱིས་ལས་འགན་བསྐྱུར་འདོད་ཡོད་ཟེར། གཟའ་འཁོར་འདིར་ཁོ་མོས་བཟོ་བཅོས་བྱས་རྗེས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བ་ཁྱབ་སྒྲོག་བྱས་པ་དང་། ཁོ་མོས་གྲོས་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་མིན་ཐག་གཅོད་པའི་ཆ་རྐྱེན་ཐད་ནས་མངོན་གསལ་དུ་བརྡས་ཐག་གཅོད་སྲིད་པར་ཁས་ལེན་བྱས་པར་སྐྱོན་བརྗོད་ཐེབས། 

གཏན་འཁེལ་ལྟར་ན། དབུ་བཞུགས་བློན་ཆེན་གྱིས་ལས་འགན་བསྐྱུར་རྗེས་སྲིད་འཛིན་ཏང་ནང་དུ་བདམས་ཐོན་བྱུང་བའི་མགོ་ཁྲིད་པ་གསར་བས་ཚབ་བྱས་ཆོག་ལ། དབུ་བཞུགས་བློན་ཆེན་གསར་བའི་འདེམ་སྒུག་མི་སྣར་རྒྱལ་མོའི་ཆོག་མཆན་ཐོབ་དགོས་པ་དང་། འགན་ཡུན་ནི་ཐེངས་རྗེས་མའི་འདེམ་བསྐོའི་བྱ་འགུལ་སྤེལ་རག་བར་ཡིན་པ་རེད། བག་འཁུམ་ཏང་གིས་མགོ་ཁྲིད་པ་གསར་བའི་འདེམ་བསྐོའི་ལས་རིམ་དེ་ཟླ་དྲུག་པའི་ཚེས་བཅུ་ཉིན་དངོས་སུ་མགོ་རྩོམ་རྒྱུ་ཁས་ལེན་བྱས། 

དབྱིན་ཇིའི་གླེང་ཕྱོགས་ཀྱིས་བལྟས་ན། སྐབས་རྗེས་མའི་དབུ་བཞུགས་བློན་ཆེན་གྱི་སྟོབས་དང་ལྡན་པའི་འགྲན་རྩོད་མཁན་ལ་དབྱིན་ཇིའི་སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ཡོ་ཧན་ཞོན་དང་སྔོན་ཆད་ཀྱི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་དོན་གྱི་བློན་ཆེན་ལཱ་པུའུ། ནེ་ཀིའི་གཞུང་སྒྲུབ་ཐིན་གྱི་བློན་ཆེན་ལེ་ཏེན་ཏོན། དེ་མིན་ཁོར་ཡུག་དང་ཟས་རིགས། ཞིང་སྡེ་ལས་དོན་གྱི་བློན་ཆེན་ཀི་ཧྥུའུ་བཅས་འདུས། 

དབྱེ་ཞིབ་མི་སྣས་བལྟས་ན། ཐི་ལོས་ཧྲ་མཱེ་ཡིས་ལས་འགན་བསྐྱུར་རྒྱུ་ཁས་ལེན་བྱས་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དཀའ་བར་འདོད། དབུ་བཞུགས་བློན་ཆེན་གསར་བས་མགོ་ཁྲིད་པའི་སྲིད་གཞུང་གིས་སྲིད་ཇུས་གང་རུང་སྤྱད་ནའང་དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་སྲིད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།