ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཛད་སྒོ་སྤེལ་ཏེ་རང་སྲོག་བློས་བཏང་བའི་ཞི་བདེ་སྲུང་སྐྱོབ་མི་སྣར་རྗེས་དྲན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་ཉེར་བཞིའི་ཉིན་ཉིག་ཡོ་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་མཛད་སྒོ་སྤེལ་ཏེ། ཞི་བདེའི་ལས་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་དམག་མི་དང་ཉེན་རྟོག་པ། རིག་གནས་བྱ་བ་བྱེད་མཁན་བཅས་ལ་རྗེས་དྲན་བྱས། 

ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་། ཞི་བདེ་སྲུང་སྐྱོབ་མི་སྣའི་འཐུས་མི། དེ་མིན་ཁོངས་གཏོགས་རྒྱལ་ཁབ་དག་གི་འཐུས་མི་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ཡི་བྱང་ངོས་རྩྭ་ཐང་ནས་རྗེས་དྲན་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞི་བདེ་སྲུང་སྐྱོབ་མི་སྣའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ་བར་མ་ཟད་ཞུ་ཚིག་ཕུལ། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། གཅིག་སྟོང་དགུ་བརྒྱ་ཞེ་བརྒྱད་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེའི་སྲུང་སྐྱོབ་མི་སྣ་སྐོར་ཁག་དང་པོ་མངག་གཏོང་བྱས་པའི་ཚུན་ལ་ཞི་བདེ་སྲུང་སྐྱོབ་དམག་མི་དང་ཉེན་རྟོག་པ། རིག་གནས་བྱ་བ་བྱེད་མཁན་བཅས་མི་སྟོང་གསུམ་དང་བརྒྱད་བརྒྱ་ལྷག་གིས་རང་སྲོག་བློས་བཏང་། ཉིས་སྟོང་བཅོ་བརྒྱད་ལོར་ཞི་བདེའི་སྲུང་སྐྱོབ་མི་སྣ་གོ་བརྒྱད་ཀྱིས་རང་སྲོག་བློས་བཏང་བ་དང་། ཁ་གྲངས་དེ་ནི་ལོ་བཅུའི་རིང་ཆེས་དམའ་བ་ཡིན་ཡང་། སྔར་བཞིན་ཀུན་གྱིས་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མིག་སྔའི་བར་དུ་བསྡོམས་པས་མི་ས་ཡ་གཅིག་ལྷག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་ནང་ཞུགས་པ་དང་། ཞི་བདེའི་སྲུང་སྐྱོབ་མི་སྣའི་ཞབས་ཞུ་དང་རང་སྲོག་བློས་བཏང་བ། ཁོ་ཚོའི་བློ་སྤོབས་དང་བརྩེ་སེམས་སོགས་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་བཟང་བའི་རྣམ་པ་མངོན་པར་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མིར་སྔར་ལས་བཟང་བའི་སྦྱོང་བརྡར་དང་སྒྲིག་ཆས་མཁོ་བ་དང་། ཞི་བདེའི་འགུལ་སྐྱོད་ལས་འགན་ངེས་པར་དུ་ལག་བསྟར་བྱེད་རུང་བ་ཞིག་ཡིན་པར་མ་ཟད། རྒྱུ་ནོར་དང་ཆབ་སྲིད་ཀྱི་རྒྱབ་སྐྱོར་འདང་ཚིམས་པ་ཐོབ་ཡོད། ཁོས་རང་གི་ནུས་པ་འདོན་སྤེལ་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་ཚུལ་བསྟན། །


རྩོམ་སྒྲིག་པ། : ཀླུ་མོ་མཚོ།