ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་ཨ་མེ་རི་ཁ་དང་པཱ་ལིན་གྱིས་མཉམ་དུ་སྤེལ་བའི་དཔལ་འབྱོར་ཞིབ་བསྡུར་ཚོགས་འདུར་མི་ཞུགས་པ་ཁྱབ་སྒྲོག་བྱས།

    སྤེལ་དུས། : 2019-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་ཨ་མེ་རི་ཁ་དང་པཱ་ལིན་གྱིས་མཉམ་དུ་སྤེལ་བའི་དཔལ་འབྱོར་ཞིབ་བསྡུར་ཚོགས་འདུར་ཞུགས་རྒྱུ་མིན་ཟེར། 

ཨེ་ལོས་ཁཱ་ཐི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་མེ་རི་ཁས་ཕཱ་ལེ་སི་ཐན་ལ་དམིགས་པའི་ཆོད་དོན་རབ་དང་རིམ་པར་དམིགས་ནས། ང་ཚོ་རྣམ་པ་གང་རུང་གིས་པཱ་ལིན་གྱི་རྒྱལ་ས་མེད་ནཱ་མེད་ནས་སྤེལ་རྒྱུ་ཡིན་པའི་དཔལ་འབྱོར་ཞིབ་བསྡུར་ཚོགས་འདུར་ཞུགས་མི་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ནི་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་འཐུས་མི་གཅིག་པུ་ཡིན་ཞིང་། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ན། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་འཐུས་ཚབ་ཡིན་པའི་ཕཱ་ལེ་སི་ཐན་གྱི་ཐུན་མོང་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར། 

ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ལཱ་མུའུ་ཨན་ལཱ་ནས་བཤད་རྒྱུར། མེད་ནཱ་མེད་ནས་སྤེལ་རྒྱུ་ཡིན་པའི་དཔལ་འབྱོར་ཞིབ་བསྡུར་ཚོགས་འདུ་ནི་ཨ་མེ་རི་ཁས་བཏོན་པའི་དབུས་ཤར་ཞི་བདེའི་དུས་རབས་གྲོས་མཐུན་གྱི་ཁག་ཅིག་ཡིན་པས། ཕཱ་ལེ་སི་ཐན་ཚོགས་འདུ་དེར་ཞུགས་མི་སྲིད་ཟེར། 

བསྒྲགས་པ་ལྟར་ན། པཱ་ལིན་གྱིས་ཨ་མེ་རི་ཁའི་བར་མཉམ་ལས་བྱས་ཏེ་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་མེད་ནཱ་མེད་ནས་ཞི་བདེ་ཡིས་དར་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་དཔལ་འབྱོར་ཞིབ་བསྡུར་ཚོགས་འདུ་སྤེལ་རྒྱུ་ཡིན་པ་དང་། ཕཱ་ལེ་སི་ཐན་གླེང་ཕྱོགས་ཀྱིས་བལྟས་ན། དཔལ་འབྱོར་ཞིབ་བསྡུར་ཚོགས་འདུ་དེ་ཨ་མེ་རི་ཁའི་དུས་རབས་གྲོས་མཐུན་དང་འབྲེལ་བ་ཡོད་པར་འདོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།