ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧུའུ་སེ་དྲག་ཆས་པས་ཡེ་མིན་གྱི་གྲུ་ཁ་བརྒྱུད་སྤྲོད་བྱས་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་ཁྲིད་པའི་ཡང་བསྐྱར་བཀོད་སྒྲིག་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཡེ་མིན་གྱི་གྲུ་ཁ་འགའ་མཚོ་འགྲམ་ཉེན་སྲུང་རུ་ཁག་ལ་བརྒྱུད་སྤྲོད་བྱས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཡང་བསྐྱར་བཀོད་སྒྲིག་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལོ་ལའེ་སི་ཀའོ་ཡིས་ཉིན་དེར་ཧི་ཐེ་ཏཱ་དང་སེ་ལེ་ཧྥུའུ། ཨེ་སཱ་བཅས་གྲུ་ཁ་གསུམ་ལ་རྟོག་ཞིབ་བྱས་པ་དང་། ལོ་ལའེ་སི་ཀའོ་ཡིས་ཧུའུ་སེ་དྲག་ཆས་པས་གྲུ་ཁ་དེ་དག་མཚོ་འགྲམ་ཉེན་སྲུང་རུ་ཁག་ལ་བརྒྱུད་སྤྲོད་བྱས་པ་དང་གྲུ་ཁའི་དམག་དོན་སྒྲིག་ཆས་གཏོར་ལེན་བྱེད་པར་འབད་བརྩོན་བྱས་པར་དགའ་བསུ་ཞུས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་བྱ་བའི་ཚན་ཆུང་གིས་ཡང་བསྐྱར་བཀོད་སྒྲིག་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་བརྒྱུད་རིམ་དེར་ལྟ་རྟོག་བྱས་པ་དང་། མིག་སྔར་གྲུ་ཁའི་དམག་དོན་སྒྲིག་ཆས་གཏོར་ལེན་བྱེད་པའི་ཐད་སྔར་བཞིན་བྱ་བ་མང་བོ་བསྒྲུབ་དགོས་ལ། དེ་དུས་རིམ་དང་པོའི་དམག་དཔུང་ཕྱིར་འཐེན་འཆར་གཞི་དངོས་འབེབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར། 

གསལ་སྒྲོག་ལས་ཡེ་མིན་གྱི་ཕྱོགས་ཁག་སོ་སོས་མུ་མཐུད་དུ་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་ན་ནིང་ལོ་མཇུག་སི་ཏི་ཀི་ཨར་མའོ་ནས་བཀོད་པའི་གྲོས་མཐུན་དངོས་འབེབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཕྱོགས་ཡོངས་ནས་གྲོས་མཐུན་དངོས་འབེབ་བྱེད་པ་དེ་ཡེ་མིན་གྱི་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་པ་དང་། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་ལ་འགན་སྲུང་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉའི་གཞུང་སྒྲུབ་ཁང་གི་གསར་འགྱུར་མགྲིན་ཚབ་པ་པཱ་ཏཱ་ཝེ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པས་ཉིན་དེར་ཧི་ཐེ་ཏཱའི་གྲུ་ཁའི་ཚོད་འཛིན་དབང་ཆའི་གནད་དོན་ཐད་ནས་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་སྐོར་ཐེངས་གསར་བའི་གསང་བའི་གྲོས་མོལ་བྱེད་མགོ་བརྩམས་ཟེར་ཡང་། པཱ་ཏཱ་ཝེ་ཡིས་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་དང་དུས་ཚོད་གསལ་བོར་བསྒྲགས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།