མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཚོགས་བསྡུས་ཏེ་སྡེ་ཁག་བརྒལ་བའི་མཐུན་སྦྱོར་ལ་བརྟེན་ནས་ཆུའི་ཐོན་ཁུངས་ལ་དོ་དམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་དང་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་སོགས་སོགས་ཀྱིས་མཉམ་དུ་གཙོ་བསྒྲུབ་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཆུའི་ཐོན་ཁུངས་ཚོགས་ཆེན་སྐབས་དང་པོ་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་ཧྥ་རན་སིའི་ཕཱ་ལེ་སི་ནས་སྤེལ་མགོ་བརྩམས། ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲོས་ཚོགས་དེའི་དམིགས་ཡུལ་ནི་ཆུའི་ཐོན་ཁུངས་བེད་སྤྱོད་བྱེད་པའི་སྡེ་ཁག་བརྒལ་བའི་མཐུན་སྦྱོར་དོ་དམ་ལ་བརྟེན་ནས་རྒྱུན་མཐུད་ཀྱི་ཆུའི་བདེ་འཇགས་དང་ཞི་བདེ་ལ་ཡར་སྐུལ་བྱེད་པའི་ཆེད་དུ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ཟས་རིགས་ཀྱི་ཐོན་སྐྱེད་དང་ནུས་ཁུངས་ཀྱི་ཐོན་སྐྱེད། བཟོ་ལས། ཐ་ན་རོལ་རྩེད་ལས་རིགས་བཅས་གང་ཡིན་ཡང་། མིའི་རིགས་ཀྱི་བྱ་འགུལ་གང་ཡིན་ཡང་ཕལ་ཆེར་ཆུ་ལ་མ་བརྟེན་པ་མེད་ཅིང་། ཆུའི་དོ་དམ་དང་ཆུའི་བཅོས་སྐྱོང་གིས་མིའི་རིགས་དང་སྐྱེ་ཁམས་མ་ལག་གི་བདེ་ཐང་ལ་ཤུགས་རྐྱེན་བཟོ་བཞིན་ཡོད་པར་མ་ཟད། ས་ཁུལ་ཞིག་གི་ཕོ་མོ་འདྲ་མཉམ་དང་སློབ་གསོ། རིག་གནས་བཅས་སྣ་མང་རང་བཞིན་གྱི་གནས་ཚུལ་མཚོན་ཐུབ་པ་ཡིན། ཆུའི་ཐོན་ཁུངས་དེ་རྒྱུན་མཐུད་འཕེལ་རྒྱས་དང་དབུལ་ཐར་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། 

འཛམ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱི་ཀྲུའུ་ཞི་ལིག་ཀྲིན་ཡཱ་ཡིས་བཤད་རྒྱུར། མིག་སྔར་འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་གསར་སྤེལ་བེད་སྤྱོད་ཐད་ཆུའི་ཐོན་ཁུངས་ཀྱི་གསར་སྤེལ་ཚད་དམའ་བ་དང་། ཚྭ་མེད་ཆུའི་མཁོ་འདོན་དཀོན་པ། ཆུའི་སྦགས་བཙོག་ཚབས་ཆེན་ཡིན་པ་བཅས་ཀྱི་འགྲན་རྩོད་ཆེན་པོ་གསུམ་གནས་ཡོད་ཟེར། ལིག་ཀྲིན་ཡཱ་ཡིས་ནན་གྱིས་བསྟན་དོན། ནུས་ཁུངས་འཕེལ་རྒྱས་ཐབས་ལམ་ལུགས་མཐུན་མིན་པ་ནི་ཚྭ་མེད་ཆུ་དཀོན་པ་དང་ཆུའི་སྦགས་བཙོག་གི་ཚད་ཚབས་ཆེ་བའི་རྒྱུ་རྐྱེན་གཙོ་བོ་རེད་ཟེར། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་བ་འཐུས་ཚང་དུ་འཛུགས་པ་དང་། ནུས་ཁུངས་འཕེལ་རྒྱས་ཀྱི་བྱེད་ཐབས་བསྒྱུར་བ། ཐན་ཉུང་དག་གཙང་གི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་ནི་ནུས་ཁུངས་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་པའི་ཐབས་ཇུས་ཤིག་ཡིན་པར་མ་ཟད། དེས་ཀྱང་ཆུའི་ཐོན་ཁུངས་གནད་དོན་ཐག་གཅོད་བྱེད་པའི་ཐད་ཐབས་ལམ་གསར་འབྱེད་བྱས་ཡོད་ཟེར། 

རྒྱལ་ཁབ་སོ་བདུན་གྱི་པུའུ་ཀྲང་དང་ཆུའི་ཐོན་ཁུངས་ཁྱབ་ཁོངས་ཀྱི་ཆེད་མཁས་པ། ཞིབ་འཇུག་མི་སྣ། རྒྱལ་སྤྱིའི་རྩ་འཛུགས། སྒེར་གཉེར་སྡེ་ཁག་སོགས་བསྡོམས་པས་འཐུས་མི་སྟོང་ལྷག་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ཀྱི་སྐབས་སུ་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་ནུས་ཁུངས་མཉམ་འབྲེལ་དྲ་བ་བཙུགས་ཏེ་ཆུའི་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་བཏང་སྟེ། གློག་དང་གཏེར་ཁ། བཙོ་སྦྱངས། བཟོ་ལས། ཉོ་ཚོང་བཅས་ཀྱི་མཉམ་འབྲེལ་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་པ་དང་། ཡོ་རོབ་གླིང་ནུས་ཁུངས་མཉམ་འབྲེལ་དྲ་བའི་འཆར་འགོད་ཞིབ་འཇུག་སྙན་ཞུ་སྤེལ་ཏེ། ཨ་ཧྥེ་རི་ཁ་གླིང་གི་ཆུའི་ཐོན་ཁུངས་དེ་ཕན་ནུས་ལྡན་པའི་སྒོ་ནས་གསར་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་སྤེལ་བྱེད་པ་དང་། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་ནུས་ཁུངས་མ་ཡིན་པའི་གློག་ཤུགས་མཉམ་འབྲེལ་ཐད་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱེད་པར་སྐུལ་འདེད་བཏང་། 

འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཉམ་འབྲེལ་དྲ་རྒྱའི་འཕེལ་རྒྱས་མཉམ་ལས་རྩ་འཛུགས་ནི་ཀྲུང་གོས་གྲོས་གཞི་བཏོན་པ་ལྟར་བཙུགས་པའི་རྒྱལ་སྤྱིའི་ནུས་ཁུངས་རྩ་འཛུགས་ཤིག་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བརྩོན་པའི་ཁེ་ལས་དང་རྩ་འཛུགས། ལས་ཁུངས། མི་སྒེར་སོགས་ཀྱིས་རང་འདོད་ལྟར་གྲུབ་པ་ཡིན་ལ། མིག་སྔར་ཁོངས་གཏོགས་ལས་ཁུངས་དྲུག་བརྒྱ་དང་སོ་ལྔ་ཙམ་ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ་གོ་གསུམ་ལ་ཁེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།