ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཁི་ལུང་གིས་ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བརྒྱད་ཉིན་ཕཱ་རེ་སི་ནས་འཚམས་འདྲིར་ཡོང་བའི་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་སཱ་ལཱ་ཅེ་དང་གྲོས་མོལ་བྱས་ཏེ། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བརྒྱད་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། མཱ་ཁི་ལུང་གིས་གྲོས་མོལ་བྱེད་སྐབས་བསྟན་དོན། དམག་དོན་འགུལ་སྐྱོད་ཀྱིས་ལི་པུ་ཡཱའི་འཁྲུག་རྩོད་ཐག་གཅོད་བྱེད་ཐབས་མེད་པས། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་པ་དང་། ཏི་ལེ་པའོ་ལིའི་དམག་དོན་དཔུང་འཇུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། ཁོས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་ཆེད། རྒྱལ་སྤྱིའི་ལྟ་རྟོག་འོག་འཁྲུག་རྩོད་མཚམས་འཇོག་པའི་ལམ་ཐིག་འཆར་འགོད་བྱེད་དགོས་པའི་གྲོས་གཞི་བཏོན། 

མཱ་ཁི་ལུང་གིས་བསྐྱར་སྒྲོག་བྱས་དོན། ཧྥ་རན་སི་ཡིས་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པར་མ་ཟད། མུ་མཐུད་དུ་ཕྱོགས་གཉིས་ཀྱིས་མཉམ་ལས་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ཧྥ་རན་སི་ཡིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མིས་འདུམ་འགྲིག་གི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་པ་དང་གྲོས་མོལ་སླར་གསོ་བྱས་ནས། ལི་པུ་ཡཱའི་བདེ་འཇགས་དང་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

སཱ་ལཱ་ཅེ་ཡིས་ཚེས་བདུན་ཉིན་ནས་བཟུང་ཡོ་རོབ་གླིང་དུ་འཚམས་འདྲི་བྱས་པ་དང་། དབྱི་ཐཱ་ལེ་དང་འཇར་མན། ཧྥ་རན་སི། དབྱིན་ཇི་བཅས་ཀྱི་མགོ་ཁྲིད་པའི་བར་གྲོས་མོལ་བྱས་ཏེ། ལི་པུ་ཡཱའི་མི་དམངས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་པའི་འཆར་གཞི་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།