ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་ཧྥ་རན་སི། འཇར་མན། དབྱིན་ཇི་བཅས་ཀྱིས་ཨ་མེ་རི་ཁའི་དབྱི་ལིང་གི་ཚོད་འཛིན་བྱེད་ཐབས་གསར་བར་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་དང་། ཧྥ་རན་སི་དང་འཇར་མན། དབྱིན་ཇི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བཞིའི་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་དབྱི་ལིང་གི་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་པའི་རྒྱལ་ཁབ་དང་ས་ཁུལ་སྐོར་ཞིག་ལ་བཀག་སྡོམ་ཀུ་ཡངས་མི་གཏོང་བར་ཐག་བཅད་པར་སེམས་ཁུར་བྱེད་པ་དང་། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་ནང་གི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་ལས་གཞི་སྐོར་ཞིག་མཚམས་འཇོག་རྒྱུ་ཐག་བཅད་པར་སེམས་ཁུར་བྱེད་པའི་ཚུལ་བསྟན། 

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཞིའི་ཉིན་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་དང་ཧྥ་རན་སི། འཇར་མན། དབྱིན་ཇི་བཅས་ཀྱིས་བལྟས་ན། འབྲེལ་ཡོད་བཀག་སྡོམ་མེད་པར་གཏོང་བ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དབྱི་ལིང་དང་ཕྱི་ཕྱོགས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་ཕན་པར་མ་ཟད། དབྱི་ལིང་མང་ཚོགས་ཀྱིོ་འཚོ་བར་འགན་སྲུང་བྱེད་པར་ཕན་ཐོགས་ཡོད། ཡོ་རོབ་གླིང་མནའ་འབྲེལ་དང་ཧྥ་རན་སི། འཇར་མན། དབྱིན་ཇི་བཅས་ཀྱིས་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་རྗེས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱས་པར་ཡིད་འཕང་བའི་ཚུལ་བསྟན། 

གསལ་སྒྲོག་ལས་ནན་གྱིས་བསྟན་དོན དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེ་དབུས་ཤར་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་མ་ལག་ལ་སྲུང་སྐྱོབ་བྱེད་པ་དང་ཡོ་རོབ་གླིང་གི་བདེ་འཇགས་ལ་འགན་སྲུང་བྱེད་པར་ཡང་གལ་འགངས་ཆེ་བས། ཡོ་རོབ་གླིང་མནའ་འབྲེལ་དང་ཧྥ་རན་སི། འཇར་མན། དབྱིན་ཇི་བཅས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེར་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱིས་ཐེངས་མང་བོར་བསྟན་དོན། དབྱི་ལིང་གིས་ནམ་རྒྱུན་གྲོས་མཐུན་ལག་བསྟར་བྱེད་བཞིན་ཡོད་ལ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེ་ལག་བསྟར་བྱས་ན་ཕན་ནུས་ཆེ་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་ཧྥ་རན་སི། འཇར་མན། དབྱིན་ཇི་བཅས་ཀྱིས་མུ་མཐུད་དུ་ཡོ་རོབ་གླིང་གི་གྲོགས་པོ་དག་དང་མཉམ་དུ་འབད་བརྩོན་བྱས་ཏེ། དབྱི་ལིང་གི་ཁྲིམས་མཐུན་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།