ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་མེ་ནེ་དབྱེ་ཡིས་དབྱི་ལིང་གིས་ཨ་མེ་རི་ཁའི་བཀག་སྡོམ་ལ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་ཚེས་ཉེར་བཞིའི་ཉིན་ཨ་མེ་རི་ཁས་ཕྱོགས་ཡོངས་ནས་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་གཏན་འགོག་བྱེད་རྩིས་ཡོད་པའི་ཐད་ནས་གཏམ་བཤད་སྤེལ་ཏེ། དབྱི་ལིང་གིས་ཨ་མེ་རི་ཁའི་བཀག་སྡོམ་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། 

ཧཱ་མེ་ནེ་དབྱེ་ཡིས་ཉིན་དེར་བཤད་རྒྱུར། དབྱི་ལིང་གིས་ཨ་མེ་རི་ཁའི་དགྲར་འཛིན་བྱ་སྤྱོད་ལ་རྒོལ་ལན་སྤྲོད་ཁོ་ཐག་ཡིན། དགྲ་བོའི་མདུན་ནས་དབྱི་ལིང་མི་དམངས་དག་གོ་མེད་ཚོར་མེད་ཅིག་ཡིན་མི་སྲིད་ཟེར། 

ཧཱ་མེ་ནེ་དབྱེ་ཡིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་རྒྱུ་ལམ་འགོག་རྩིས་བྱེད་བཞིན་ཡོད་ཀྱང་། དབྱི་ལིང་མི་དམངས་ཀྱིས་འགུལ་སྐྱོད་སྤེལ་ཏེ་མཐུན་སྒྲིལ་གཅིག་གྱུར་བྱས་ཤིང་། སྲིད་གཞུང་གིས་ཧུར་ཐག་སྒོས་བྱ་བ་བསྒྲུབས་ན། ཁོ་ཚོའི་གཡོ་ཇུས་དེ་མངོན་འགྱུར་བྱེད་མི་སྲིད་ཟེར། 

ཨ་མེ་རི་ཁས་ན་ནིང་ཟླ་ལྔ་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། རིམ་བཞིན་གྲོས་མཐུན་དབང་གིས་མཚམས་བཞག་པའི་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱས་པ་རེད། ན་ནིང་ཟླ་བཅུ་གཅིག་པར། ཨ་མེ་རི་ཁས་དབྱི་ལིང་གི་ནུས་ཁུངས་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་བཀག་སྡོམ་སླར་གསོ་བྱས་ཀྱང་། རྒྱལ་སྤྱིའི་མ་བཅོས་རྡོ་སྣུམ་གྱི་ཚོང་རའི་མཁོ་འདོན་གཏན་འཇགས་ཡོང་བའི་ཆེད་དུ། ཨ་མེ་རི་ཁས་སྐབས་ཐོག་དེར་རྒྱ་གར་དང་ཐུར་ཁེ་སོགས་དབྱི་ལིང་གི་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་པའི་རྒྱལ་ཁབ་དང་ས་ཁུལ་བརྒྱད་ལ་གནས་སྐབས་སུ་བཀག་སྡོམ་མི་བྱེད་པར་ཀུ་ཡངས་གཏོང་རྒྱུ་ཐག་བཅད། 

ཟླ་འདིའི་ཚེས་ཉེར་གཉིས་ཉིན། ཨ་མེ་རི་ཁས་རྒྱལ་ཁབ་དང་ས་ཁུལ་སྐོར་ཞིག་གིས་དབྱི་ལིང་ནས་རྡོ་སྣུམ་ནང་འདྲེན་བྱེད་པར་ཀུ་ཡངས་གཏོང་མི་སྲིད་པ་ཁྱབ་སྒྲོག་བྱས་ཏེ། དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་ཕྱོགས་ཡོངས་ནས་གཏན་འགོག་བྱས། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་དོན་དེའི་ཐད་ནས་བསྟན་དོན། དབྱི་ལིང་གིས་ཡོ་རོབ་གླིང་དང་ཉེ་འཁོར་རྒྱལ་ཁབ་འདུས་པའི་རྒྱལ་སྤྱིའི་གྲོགས་པོ་དག་དང་མཉམ་དུ་གད་དོན་དེར་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། དབྱི་ལིང་གིས་ཨ་མེ་རི་ཁའི་བྱ་སྤྱོད་དེར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།