ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་མུ་མཐུད་དུ་འདས་ལོག་དུས་ཆེན་སྐབས་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་ཚེས་ཉེར་བཞིའི་ཉིན་ཨུ་རུ་སིའི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྟན་དོན། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཉིན་དེར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཏུང་ཀྲིན་ཆོས་ལུགས་ཀྱི་འདས་ལོག་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་མུ་མཐུད་དུ་གྲོས་བསྡུར་བྱས་ཟེར། 

ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཉིན་དེར་མེན་སི་ཁི་ནས་རྒྱུན་སྲོལ་གྱི་གྲོས་མོལ་སྤེལ། སཱ་དབྱེ་ཏིས་ཁི་ཡིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བདེ་འཇགས་བྱ་བའི་ཚན་ཆུང་གིས་གཙོ་བོ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་ཏུང་ཀྲིན་ཆོས་ལུགས་ཀྱི་འདས་ལོག་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་སོ་སོས་རྩ་དོན་སྟེང་ནས་འཁྲུག་རྩོད་མཚམས་འཇོག་པར་རྒྱབ་སྐྱོར་བྱེད་ཀྱང་། འཁྲུག་རྩོད་མཚམས་འཇོག་པའི་གསལ་སྒྲོག་ལས་གྲོས་འཆམ་བྱུང་མེད་ཟེར། ཁོས་བསྟན་དོན། འཁྲུག་རྩོད་ཕྱོགས་ཁག་སོ་སོས་མི་འགྱངས་པར་ཐོན་ལ་ཉེ་བའི་ཏུང་ཀྲིན་ཆོས་ལུགས་ཀྱི་འདས་ལོག་དུས་ཆེན་དང་ལྔ་གཅིག་དུས་ཆེན་སྐབས་སུ་དམག་དོན་འགུལ་སྐྱོད་མི་སྤེལ་བར་རེ་བ་བཅངས་ཡོད་ཟེར། 

ད་ལོའི་ཏུང་ཀྲིན་ཆོས་ལུགས་ཀྱི་འདས་ལོག་དུས་ཆེན་ནི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་རེད། 

སཱ་དབྱེ་ཏིས་ཁི་ཡིས་བཤད་རྒྱུར། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བྱ་བའི་ཚན་ཆུང་གཞན་པས་མི་གཏའ་བརྗེ་སྤོར་དང་འཁྲུག་རྩོད་ས་ཁུལ་གྱི་འཐུང་ཆུའི་མཁོ་འདོན་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། ཁོས་ད་རུང་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ཝུའུ་ཁི་ལན་དུ་སྡོད་པའི་དམིགས་བསལ་ལྟ་ཞིབ་ཚོགས་པའི་མི་སྣ་དང་དེའི་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

དེ་ལས་གཞན་སཱ་དབྱེ་ཏིས་ཁི་ཡིས་ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་མུ་མཐུད་དུ་གྲོས་མོལ་ལ་བརྟེན་ནས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཚུལ་བསྟན་པར་དགའ་བསུ་ཞུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།