ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་ཚེས་ཉེར་གསུམ་ཉིན་བསྐྱར་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གླེང་ཐག་གཅོད་བྱེད་པར་འབྲེལ་བའི་དུས་རབས་གྲོས་མཐུན་དང་ལེན་བྱེད་མི་སྲིད་ཟེར།
ཨ་ཧྲི་ཐིས་ཡེ་ཡིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་ཞུགས་ཁང་གི་གྲོས་མི་ཧོའེ་ཏིན་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་ཡེ་ལུའུ་སཱ་ལེམ་དེ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་བྱས་པ་དང་། དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ཐི་ལཱ་ཝེ་ཧྥུའུ་ནས་ཡེ་ལུའུ་སཱ་ལེམ་དུ་གནས་སྤར་བ། ཕཱ་ལེ་སི་ཐན་གྱི་རོགས་སྐྱོར་མཚམས་བཞག་པ་སོགས་ཀྱི་གནས་ཚུལ་འདི་དག་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དང་ལེན་བྱེད་མི་སྲིད་ཟེར།
ཁོས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་བར་ཁྱད་པར་འབྱེད་དགོས། ཞི་བདེའི་འཕེལ་རིམ་དེ་དཀའ་ཁག་མང་བོ་འཕྲད་ཡོད་ལ། ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱིས་ཕཱ་ལེ་སི་ཐན་ཕྱོགས་ལ་གནོན་ཤུགས་སྟེར་བའི་བྱེད་ཐབས་སྤྱད་དེ་སྔར་ལས་ཆེ་བའི་བཀག་རྒྱ་བཟོ་མི་རུང་ཟེར།
ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཙུང་ཐུང་གི་འགན་ཁུར་རྗེས། དུས་རབས་གྲོས་མཐུན་གྱི་འདོད་བློར་བསམ་བློ་བཏང་སྟེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཆེས་མཇུག་མཐའི་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་མགོ་བརྩམས། ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་སྤྱིའི་གྲོས་མོལ་གྱི་དམིགས་བསལ་འཐུས་མི་ཀི་ལིན་པུའུ་ལཱ་ཐི་ཡིས་ཉེ་སྔོན་གྲོས་མཐུན་དེར་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་པའི་རྒྱལ་ཁབ་གཉིས་ཀྱི་ནང་དོན་འདུས་མེད་པའི་བརྡ་བསྟན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཐེངས་མང་བོར་གྲོས་མཐུན་དེ་དང་ལེན་བྱེད་མི་སྲིད་པའི་ཚུལ་བསྟན་པ་དང་། རྒྱུ་མཚན་ནི་གྲོས་མཐུན་དེ་ལས་ཡེ་ལུའུ་སཱ་ལེམ་གྱི་གནད་དོན་དང་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་གནད་དོན། ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་གནད་དོན་བཅས་གྲོས་མོལ་གྱི་ནང་དུ་བཞག་མེད་པས་རེད། །