ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དབྱི་ལིང་བར་གྱི་མཐའ་མཚམས་དོ་དམ་ལ་ཤུགས་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལོས་ཞེ་ཡིས་ཚེས་ཉི་ཤུའི་ཉིན་བསྟན་དོན། ཕཱ་ཁི་སི་ཐན་སྲིད་གཞུང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དབྱི་ལིང་བར་གྱི་མཐའ་མཚམས་དོ་དམ་ལ་ཤུགས་སྣོན་བྱས་ཏེ། དྲག་ཆས་ཉེས་ཅན་གྱིས་རྒྱལ་མཚམས་བརྒལ་ནས་འཇབ་རྒོལ་དོན་རྐྱེན་བཟོ་བར་སྔོན་འགོག་བྱས་ཡོད་ཟེར། 

ཁུའུ་ལོས་ཞེ་ཡིས་ཉིན་དེར་དབྱི་སི་ལན་པའོ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་དབྱི་ལིང་བར་གྱི་སྤྱི་ལེ་དགུ་བརྒྱ་དང་ལྔ་བཅུའི་རྒྱལ་མཚམས་སུ་བར་བཅད་ལས་རྒྱུ་ཐག་བཅད་པ་དང་། གཙོ་བོ་དྲག་ཆས་ཉེས་ཅན་དག་གང་འདོད་ལྟར་རྒྱལ་མཚམས་བརྒལ་བར་དམིགས་པ་རེད། བྱེད་ཐབས་གཞན་པར་ད་རུང་དམིགས་བསལ་དམག་དཔུང་ཞིག་རྩ་འཛུགས་བྱས་ནས་མཐའ་མཚམས་ཀྱི་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། མཐའ་མཚམས་ཀྱི་སྐོར་གཡེང་ལ་ཞུགས་པའི་ཚད་ལྡན་དམག་དཔུང་གི་ཁ་གྲངས་ཇེ་མང་དུ་གཏོང་བ་སོགས་འདུས་ཟེར། 

ཁུའུ་ལོས་ཞེ་ཡིས་བཤད་རྒྱུར། མིག་སྔར་པུས་ལུའུ་ཀྲི་ཞིང་ཆེན་ནས་ཕཱ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་གི་མི་སྣ་བཅུ་བཞི་བསད་པའི་དྲག་ཆས་ཉེས་ཅན་ནི་དབྱི་ལིང་ནས་རྒྱལ་མཚམས་བརྒལ་ཏེ་ཕཱ་ཁི་སི་ཐན་དུ་ཡོང་ནས་འཇབ་རྒོལ་དོན་རྐྱེན་བཟོས་པ་རེད། དྲག་ཆས་ཉེས་ཅན་དེ་དག་ལ་དབྱི་ལིང་དུ་སྦྱོང་བརྡར་དང་མཁོ་སྒྲུབ་འགན་སྲུང་གི་སྒར་ས་ཡོད་པ་རེད་ཟེར། 

ཉིན་དེར་ཁུའུ་ལོས་ཞེ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་གཉིས་ཀྱིས་ཁ་པར་གྲོས་མོལ་སྤེལ། ཁུའུ་ལོས་ཞེ་ཡིས་བཤད་རྒྱུར། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་དབྱི་ལིང་གིས་བྱེད་ཐབས་སྤྱད་དེ་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་དགོས་པའི་རེ་བ་བཏོན་པ་དང་། དབྱི་ལིང་གིས་རྟོག་ཞིབ་བྱས་རྗེས་དྲག་ཆས་ཉེས་ཅན་དེ་དག་ལ་འགུལ་སྐྱོད་སྤེལ་རྒྱུ་ཡིད་འཐད་བྱུང་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།