ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་གང་མགྱོགས་སྒོས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་གང་མགྱོགས་སྒོས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལཱ་ཧྥུའུ་ལོ་ཧྥུའུ་དང་སེར་ཝེ་ཡཱའི་ཕྱི་འབྲེལ་བློན་ཆེན་ཏཱ་ཆི་ཆི་གཉིས་ཀྱིས་ཉིན་དེར་མའོ་སི་ཁི་ནས་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། སི་རི་ཡཱའི་གནས་བབ་མིག་སྔར་སྔོན་ཆད་ལས་གཏན་འཇགས་སུ་སོང་བ་དང་། སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་དེ་མྱུར་དུ་འཛུགས་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞི་གཞིར་བཟུང་ནས་རང་རང་གི་ལངས་ཕྱོགས་འཛིན་པ་ལས། ཕྱོགས་གཞན་པས་ཨ་སི་ཐཱ་ནཱའི་འཕེལ་རིམ་ལ་དམའ་འབེབ་བྱེད་པར་འོལ་ཚོད་ཀྱིས་བསྟུན་མི་རུང་། ཨ་སི་ཐཱ་ནཱའི་འཕེལ་རིམ་ནི་མིག་སྔར་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་ནུས་ལྡན་གྱི་རྐྱེན་སྲོལ་གཅིག་པུ་ཡིན་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་གཉིས་གཉིས་ལྔ་བཞིར་གྲོས་མཐུན་བཀོད་པ་དང་། གྲོས་ཆོད་དེ་ལས་སི་རི་ཡཱའི་བདག་དབང་དང་རང་བཙན། གཅིག་གྱུར། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་། སི་རི་ཡཱའི་མི་ལ་དབང་བ་དང་སི་རི་ཡཱའི་མི་གཙོར་འཛིན་པའི་རྩ་དོན་གཞིར་བཟུང་ནས། སི་རི་ཡཱའི་ཕྱོགས་ཁག་སོ་སོས་བཟོད་སྒོམ་རང་བཞིན་གྱི་ཆབ་སྲིད་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། ཕྱོགས་སོ་སོས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པ་ནན་བཤད་བྱས་ཡོད།

ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་ཉིས་སྟོང་བཅུ་བདུན་ལོར་ཨ་སི་ཐཱ་ནཱའི་འཕེལ་རིམ་བཏོན། ཞི་བའི་གྲོས་མོལ་གྱི་རྐྱེན་སྲོལ་དེའི་སྒྲོམ་གཞིའི་འོག འབྲེལ་ཡོད་ཕྱོགས་ཀྱིས་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་མང་སྤེལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དང་པོར། ཨུ་རུ་སིའི་སོ་ཆི་ནས་སྤེལ་བའི་སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་ཚོགས་ཆེན་ནས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཐག་བཅད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།