དབྱི་ལིང་གི་ཆུ་ལོག་གནོད་འཚེ་ལས་མི་དོན་དྲུག་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་འཕྲལ་སྒྲུབ་རྒུད་སྐྱོབ་སྡེ་ཁག་གིས་ཚེས་བཅུ་བཞིའི་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་རག་མངའ་ཁོངས་སུ་ཟླ་ངོ་གཅིག་རིང་གི་ཆུ་ལོག་གནོད་འཚེ་ལས་ད་ལྟའི་བར་རྒྱལ་ཡོངས་སུ་མི་དོན་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཉུང་མཐར་ཡང་མི་ལྔ་བརྒྱ་དང་ཞེ་བཞིར་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་ཆུ་ལོག་གནོད་འཚེ་ལས་དབྱི་ལིང་རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་གཅིག་ཁྲོད་ཀྱི་ཞིང་ཆེན་ཉེར་ལྔར་གནོད་པ་ཐེབས་ཡོད་ཅིང་། གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ལ་ལྷོ་ཕྱོགས་ཀྱི་ཧྥ་ཨར་སི་ཞིང་ཆེན་དང་ནུབ་ཕྱོགས་ཀྱི་ལོ་ལོས་སི་ཐན་ཞིང་ཆེན། ཤར་ཕྱོགས་ཀྱི་ཀུའུ་ལའེ་སི་ཐན་ཞིང་ཆེན། བྱང་ཕྱོགས་ཀྱིས་ལི་ཧེ་མཚོ་འགྲམ་གྱི་མཱ་ཙན་ཏཱ་ལན་ཞིང་ཆེན་བཅས་འདུས། 

ཆུ་ལོག་ལས་དབྱི་རག་ཏུ་མེ་སྒོར་དུང་ཕྱུར་འགའི་དཔལ་འབྱོར་གྱོང་གུད་བཅོས་ཡོད། ཆར་བ་དྲག་པོ་བབས་པ་ལས་ས་ཁུལ་རེ་འགར་རི་ཉིལ་བའི་དོན་རྐྱེན་བྱུང་བ་དང་། མང་ཚོགས་མང་བོ་བདེ་འཇགས་ས་ཁུལ་དུ་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་། དེ་ལས་གཞན་གནོད་ཐེབས་ས་ཁུལ་རེ་འགའི་ཟམ་པ་དང་གཞུང་ལམ། ཞིང་ས། ཆུ་བེད་སྒྲིག་ཆས་སོགས་ལ་གཏོར་བརླག་ཐེབས་ཡོད་པ་རེད། 

དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་ནས་བཟུང་དབྱི་ལིང་གི་ས་ཁོངས་ཆེན་པོར་བསྟུད་མར་ཆར་བ་བབས་པ་དང་། རྒྱལ་ཡོངས་སུ་ཆུ་ལོག་གི་གནོད་འཚེ་བྱུང་བ་རེད། དབྱི་རག་གནམ་གཤིས་རྟོག་དཔྱོད་ལས་ཁུངས་ཀྱིས་ཚེས་བཅུ་བཞིའི་ཉིན་ཉེན་བརྡ་བཏང་སྟེ། མ་འོངས་པའི་ཉིན་འགའི་ནང་དབྱི་ལིང་གི་ཞིང་ཆེན་མང་བོར་ཡང་བསྐྱར་ཆར་བ་འབབ་པའི་གནམ་གཤིས་ཡོད་པ་དང་། ཧྥ་ཨར་སི་དང་ལོ་ལོས་སི་ཐན་སོགས་ཞིང་ཆེན་སྔར་བཞིན་ཆུ་ལོག་འབྱུང་བའི་ཉེན་ཁར་གནས་ཡོད་པས། སྲིད་གཞུང་དང་མང་ཚོགས་ཀྱིས་དོགས་ཟོན་མཐོར་འདེགས་བྱེད་དགོས་པའི་སྐུལ་མ་བཏང་། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།