ཅོར་ཏན་དང་ཞི་ལཱ། སེ་ཕུའུ་ལུའུ་སི་བཅས་ཀྱིས་ཕྱོགས་གསུམ་མགོ་གཙོའི་གྲོས་ཚོགས་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་བཅུ་བཞིའི་ཉིན་ཨན་མན་ནས་འཚམས་འདྲིར་ཡོང་བའི་སེ་ཕུའུ་ལུའུ་སིའི་ཙུང་ཐུང་ཨ་ནཱ་སི་ཐཱ་ཞཱ་ཅི་སི་དང་ཞི་ལཱའི་ཙུང་ཐུང་ཆི་ཕུའུ་ལཱ་སི་གཉིས་དང་མཉམ་དུ་ཕྱོགས་གསུམ་མགོ་གཙོའི་གྲོས་ཚོགས་བསྡུས་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གསུམ་གྱི་ནུས་ཁུངས་དང་ཞིང་ལས། གནས་སྐོར་སོགས་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཆེད་དུ་རེད། 

ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གསུམ་གྱི་མགོ་གཙོས་ནུས་ཁུངས་དང་ཞིང་ལས། གནས་སྐོར། སྨན་བཅོས་འཕྲོད་བསྟེན། བརྡ་འཕྲིན་ལག་རྩལ་ཐོན་ལས་སོགས་ཁྱབ་ཁོངས་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་བ་དང་། རྒྱལ་ཁབ་གསུམ་བར་སྔར་ལས་མང་བའི་མི་སྒེར་གྱིས་མཉམ་འབྲེལ་མ་དངུལ་གཏོང་བའི་ཁེ་ལས་འཛུགས་པ་དང་ཤེས་ལྡན་མི་སྣའི་བརྗེ་རེས་ལ་ཡར་སྐུལ་གཏོང་དགོས་པའི་སྐུལ་མ་བཏང་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱི་མགོ་གཙོས་གཅིག་གྱུར་སྒོས་བསྟན་དོན། ཅོར་ཏན་གྱི་ཡེ་ལུའུ་སཱ་ལེམ་གནད་དོན་ཐད་ཀྱི་ལངས་ཕྱོགས་དང་འདོད་བློར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་གཅིག་པུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡེ་ལུའུ་སཱ་ལེམ་གྱི་ལོ་རྒྱུས་གོ་གནས་དང་ད་ལྟའི་གནས་ཚུལ་ལ་བརྩི་འཇོག་བྱས་ཤིང་། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་དེ་རྨང་གཞིར་བྱས་པ་དང་ཡེ་ལུའུ་སཱ་ལེམ་ཤར་མ་དེ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཚོགས་མཇུག་སྒྲིལ་རྗེས། རྒྱལ་ཁབ་གསུམ་གྱི་མགོ་གཙོས་དངུལ་གཏོང་དང་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་བཟོད་སྒོམ་བརྗེད་ཐོ་བཀོད། ཅོར་ཏན་དང་སེ་ཕུའུ་ལུའུ་སི་ཡིས་ད་རུང་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་འཇིགས་སྐུལ་རིང་ལུགས་དང་མི་སྣའི་ལྐོག་འཚོང་། ཁྲིམས་འགལ་གནས་སྐོར་སྡོད་དམངས། རྩ་འཛུགས་ཅན་གྱི་ནག་ཉེས། དུག་རྫས་ལྐོག་འཚོང་བཅས་ལ་ཆམ་ཕབ་གཏོང་བ་སོགས་གནད་དོན་ཐད་ནས་མཉམ་ལས་གྲོས་ཆོད་བཀོད། 

ཅོར་ཏན་དང་ཞི་ལཱ། སེ་ཕུའུ་ལུའུ་སི་བཅས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོར་ཕྱོགས་གསུམ་གྱི་མགོ་གཙོའི་གྲོས་མོལ་རྐྱེན་སྲོལ་དེ་དངོས་སུ་མགོ་བརྩམས་ཏེ། ས་ཁུལ་གྱི་གནས་བབ་དང་རྒྱལ་ཁབ་གསུམ་བར་གྱི་མཉམ་ལས་ལ་གྲོས་བསྡུར་བྱས་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།