ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་འདས་ལོག་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་མཐུན་བྱུང་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་ཚེས་བཅུའི་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་བཅུ་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་གྲོས་མོལ་སྤེལ་ཡང་། ཕྱོགས་སོ་སོས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་འདས་ལོག་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་འཆམ་བྱུང་མེད་ཟེར།

སཱ་དབྱེ་ཏིས་ཁི་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བདེ་འགས་བྱ་བའི་ཚན་ཆུང་གིས་ཉིན་དེར་གྲོས་མོལ་བྱེད་སྐབས་གཙོ་བོ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་སྤྱིའི་བདེ་འཇགས་གནས་བབ་དང་འདས་ལོག་དུས་ཆེན་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་ཡིན་ཡང་། ཕྱོགས་སོ་སོའི་བར་གནད་དོན་དེའི་ཐད་འགལ་བ་ཆེ་བ་དང་། ཕྱོགས་སོ་སོས་ཚེས་བཅོ་བརྒྱད་ཉིན་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ཐད་ནས་མཇུག་མཐའི་ལངས་ཕྱོགས་མཐུན་སྦྱོར་བྱེད་རྒྱུའི་གྲོས་ཐག་བཅད། ད་ལོའི་ཏུང་ཀྲིན་ཆོས་ལུགས་ཀྱི་འདས་ལོག་དུས་ཆེན་ནི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ཡིན་པ་རེད།

སཱ་དབྱེ་ཏིས་ཁི་ཡིས་བཤད་རྒྱུར། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་བདེ་འཇགས་བྱ་བའི་ཚན་ཆུང་གིས་ད་རུང་བྱེད་ཐབས་ནུས་ལྡན་སྤྱད་དེ་ས་དེའི་བདེ་འཇགས་ལ་འགན་སྲུང་དང་མི་ཆོས་རིང་ལུགས་ཀྱི་ས་འོག་འགད་རྫས་གཙང་སེལ་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས་པར་མ་ཟད། དཔལ་འབྱོར་བྱ་བའི་ཚན་ཆུང་གིས་ས་དེའི་ཅང་མ་འགོར་བའི་སྔོན་མཚམས་བཅད་པའི་འཐུང་ཆུའི་མཁོ་འདོན་སླར་གསོ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། ཁོས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ས་དེའི་འཐུང་ཆུའི་མཁོ་འདོན་སྒྲིག་ཆས་དང་དམངས་སྤྱོད་ཀྱི་རྨང་གཞིའི་སྒྲིག་ཆས་གལ་ཆེན་གཞན་པའི་བདེ་འཇགས་འཁོར་སྐྱོད་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།