ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཡེ་མིན་ཧི་ཐེ་ཏཱའི་ཕྱེ་འཐག་བཟོ་གྲྭའི་འབྲུ་རིགས་རུལ་བའི་ཉེན་ཁ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ཡེ་མིན་དུ་སྡོད་པའི་དོན་གཅོད་ཁྲུའུ་ཡི་ཀྲུའུ་རིན་སི་ཏིས་ཧྥུན་ཨན་ཏི་སིན་གྱིས་ཚེས་གཉིས་ཉིན་ཉེན་བརྡ་བཏང་སྟེ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཡེ་མིན་ནུབ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཧི་ཐེ་ཏཱའི་ཕྱེ་འཐག་བཟོ་གྲྭར་གསོག་ཉར་བྱས་ཡོད་པའི་འབྲུ་རིགས་དག་རུལ་བའི་ཉེན་ཁ་ཡོད་ཟེར། 

སི་ཏིས་ཧྥུན་ཨན་ཏི་སིན་གྱིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལས་བྱེད་མི་སྣ་ཚེས་གཉིས་ཉིན་འཆར་འགོད་ཁང་དེའི་ཧི་ཐེ་ཏཱའི་ཉེ་འདབས་སུ་ཡོད་པའི་མཚོ་དམར་ཕྱེ་འཐག་བཟོ་གྲྭར་སོང་ནས་གསོག་ཉར་བྱས་པའི་འབྲུ་རིགས་ལ་རུལ་འགོག་བྱེད་ཐབས་སྤྱོད་རྩིས་ཡོད་ཀྱང་། བདེ་འཇགས་ལ་འགན་སྲུང་བྱེད་ཐབས་མེད་པས། ལས་བྱེད་མི་སྣས་བྱ་བ་དེ་རྗེས་སུ་མི་སྣུར་ཐབས་མེད་བྱུང་བ་དང་། འབྲུ་རིགས་དེ་དག་རུལ་འགྱུར་གྱི་ཉེན་ཁར་འཕྲད་ཡོད་ཟེར། 

ཁོས་བཤད་རྒྱུར། མིག་སྔའི་གནས་བབ་ཧ་ཅང་དགོས་གལ་ཆེ་བ་དང་། ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་འབྲུ་མཛོད་དེའི་འབྲུ་རིགས་མི་རུལ་བར་འབད་བཞིན་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ཧི་ཐེ་ཏཱ་གྲོང་ཁྱེར་དུ་ཡོད་པའི་མཚོ་དམར་ཕྱེ་འཐག་བཟོ་གྲྭར་བསྡོམས་པས་གྲོ་ཏུན་ཁྲི་ལྔ་དང་སྟོང་གཅིག་ཉར་འཇོག་བྱས་ཡོད་པ་དང་། དེས་མི་ས་ཡ་གསུམ་དང་འབུམ་བདུན་གྱི་ཟླ་ངོ་གཅིག་གི་དགོས་མཁོ་བསྐང་ཐུབ། ཧི་ཐེ་ཏཱའི་དྲག་ཆས་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་བའི་དབང་གིས། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལས་བྱེད་མི་སྣ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བ་ནས་བཟུང་མཚོ་དམར་ཕྱེ་འཐག་བཟོ་གྲྭར་འགྲོ་མ་ཐུབ་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེངས་མང་བོར་ཡེ་མིན་ཕྱོགས་ཁག་སོ་སོས་རྒུད་སྐྱོབ་ལས་ཁུངས་དག་ཕྱེ་འཐག་བཟོ་གྲྭ་དེར་འགྲོ་བར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་མྱོང་། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།