ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་རྩིས་བྱས་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཨ་ལོས་སཱ་དབྱེ་ཡིས་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་ཝེ་ནེ་ཙུའེ་ལཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་རྩིས་བྱས་པར་སྐྱོན་འཛུགས་བྱས། 

པའོ་ཨར་ཏོན་གྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ་ཝེ་ནེ་ཙུའེ་ལཱ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་བར་གྱི་དམག་དོན་མཉམ་ལས་ལ་མངོན་གསལ་གྱིས་སྐྱོན་བརྗོད་བྱས་པ་དང་། ཝེ་ནེ་ཙུའེ་ལཱའི་མངའ་ཁོངས་སུ་སྡོད་པའི་ཕྱི་རྒྱལ་གྱི་བཅའ་སྡོད་དམག་དཔུང་གིས་རྒྱལ་སྤྱིའི་ཞི་བདེ་དང་ས་ཁུལ་གྱི་གཏན་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་ཟེར། ཨ་ལོས་ཡཱ་སཱ་ཡིས་དེའི་རྗེས་སུ་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། པའོ་ཨར་ཏོན་གྱི་གཏམ་བརྗོད་དེ་ནི་མིན་ལོ་རིང་ལུགས་དང་འཇམ་འཐབ་ཀྱི་བསམ་བློ་ཡིན་པ་དང་། པའོ་ཨར་ཏོན་གྱི་འགན་འཁྲི་ནི་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དེ་ཡིན་ཡང་། མི་གཞན་པས་ཁོ་རང་བསླུས་ནས་ཁོས་ཝེ་ནེ་ཙུའེ་ལཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་དུ་འཇུག་འདོད་ཡོད་ཀྱང་། ཁོའི་བསམ་དོན་ཡིད་བཞིན་འགྲུབ་མེད་ཟེར། 

ཟླ་འདིའི་ཚེས་ཉེར་གསུམ་ཉིན། ཨུ་རུ་སིའི་མཁའ་དམག་གི་གནམ་གྲུ་ཆེན་མོ་གཉིས་ཀྱིས་མི་སྣ་དང་སྒྲིག་ཆས་དྲུད་ནས་ཝེ་ནེ་ཙུའེ་ལཱའི་རྒྱལ་ས་ཅཱ་ལཱ་ཅཱ་སི་རུ་འབྱོར་། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལཱ་རུ་ཆེད་མཁས་པ་མངག་གཏོང་བྱེད་པའི་ཆོད་དོན་དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་གྲོས་མཐུན་གཞིར་བཟུང་ནས་ཐག་གཅོད་བྱས་པ་ཡིན་ལ། ཨུ་རུ་སིའི་ཕྱོགས་ཀྱི་བྱ་སྤྱོད་དེར་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཕྱོགས་གཉིས་ཀྱི་བཅའ་ཁྲིམས་ཀྱི་རྨང་གཞི་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།