ཀྲུང་གོ་བོད་ཀྱི་དྲ་བ།

དབྱེ་ཏའེ་ཞེས་པའི་ཚ་ཁུལ་གྱི་དྲག་རླུང་ལས་ཙེམ་པབ་ཝེ་ནས་མི་བརྒྱ་དང་སོ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙེམ་པབ་ཝེའི་སྲིད་གཞུང་གིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། ཚེས་ཉི་ཤུའི་ཉིན་བར། ཧིན་རྡུ་རྒྱ་མཚོའི་དབྱེ་ཏའེ་ཞེས་པའི་ཚ་ཁུལ་གྱི་དྲག་རླུང་ལས་རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་ནས་མི་བརྒྱ་དང་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་ཞེ་བཞིར་རྨས་ཕོག གཞན་ཡང་མི་བརྒྱ་དང་གྱ་དགུ་གར་སོང་རྙེད་མེད་ལ། མི་སྟོང་ཕྲག་འགའ་ཁང་བར་གཏོར་བརླག་ཐེབས་པའི་དབང་གིས་འགྲོ་སའི་ཁྱིམ་མེད་པར་གྱུར། 

ཙེམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཚེས་ཉེར་གསུམ་ཉིན་དང་ཚེས་ཉེར་བཞིའི་ཉིན་ནི་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོ་ཡིན་པ་དང་། གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུ་དགོས་ཟེར། མུའུ་ནན་ཅཱ་ཀུའུ་ཝ་ཡིས་ཞོར་དུ་ཙེམ་པབ་ཝེ་ལ་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ལ་བཀའ་དྲིན་ཞུས། 

དབྱེ་ཏའེ་ཞེ་པའི་ཚ་ཁུལ་གྱི་དྲག་རླུང་དེས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་ཙེམ་པབ་ཝེ་རུ་འཇབ་རྒོལ་བྱས་པ་དང་། རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་མཱ་ནེ་ཁཱ་ལན་ཞིང་ཆེན་དང་མཱ་སི་ཝུན་ཀི་ཞིང་ཆེན། མཱ་ཧྲའོ་ནཱ་ལན་ཞིང་ཆེན་བཅས་སུ་གནོད་འཚེ་ཚབས་ཆེན་བཟོས་ཡོད། དྲག་རླུང་དེ་ལས་བྱུང་བའི་དྲག་ཆར་དབང་གིས་རི་ཉིལ་བ་དང་རགས་ཁ་ཤོར་བ། གཞུང་ལམ་དང་ཟམ་པ་ཆད་པ་སོགས་ཀྱི་དོན་རྐྱེན་བྱུང་བར་མ་ཟད། ཁང་བ་བརྒྱ་ཕྲག་འགའ་ཆུ་ལོག་གིས་ཁུར་ཏེ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུད་ཚབས་ཆེན་བཟོས། 

མིག་སྔའི་བར་དུ་ཀྲུང་གོ་དང་ཨ་མེ་རི་ཁ། དབྱིན་ཇི། ཐན་ཙན་ནི་ཡཱ། ཨ་ཧྥེ་རི་ཁ་ལྷོ་མ། ནཱ་མུས་པུས་ཡཱ། ཡོ་རོབ་གླིང་མནའ་འབྲེལ་སོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཙེམ་པབ་ཝེ་ལ་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་ཁྱབ་སྒྲོག་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།