ཨ་ཧྥུའུ་ཧན་གྱིས་ཡང་བསྐྱར་ཙུང་ཐུང་འདེམ་བསྐོའི་དུས་ཚོད་རྗེས་སུ་སྣུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉི་ཤུའི་ཉིན་བསྟན་དོན། ཨུ་ཡོན་ལྷན་ཁང་དེས་སྔོན་ད་ལོའི་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་སྤེལ་རྒྱུར་ཐག་བཅད་ཡོད་པའི་ཙུང་ཐུང་གི་འདེམ་བསྐོ་དེ་ཟླ་དགུ་བའི་ཚེས་ཉེར་བརྒྱད་བར་རྗེས་སུ་སྣུར་རྒྱུ་ཐག་བཅད་ཟེར། 

ཨ་ཧྥུའུ་ཧན་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནོའུ་ལི་སི་ཐཱ་ནེ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། འདེམ་བསྐོའི་བྱ་འགུལ་རྗེས་སུ་སྣུར་བ་ལས་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་གྲ་སྒྲིག་དུས་ཡུན་སྔར་ལས་ཇེ་རིང་དུ་སོང་ཡོད་པས། བློ་གཏོད་རུང་བའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ཞིག་སྤེལ་བ་དང་། ན་ནིང་ཟླ་བཅུ་བར་གྲོས་ཁང་གི་འདེམ་བསྐོའི་བརྒྱུད་རིམ་ཁྲོད་བྱུང་བའི་ཁྲིམས་འགལ་སྣང་ཚུལ་དེ་འདྲ་འབྱུང་བར་གཏན་འགོག་བྱེད་ཐུབ་ཟེར། 

ཨ་ཧྥུའུ་ཧན་གྱིས་ཆེས་ཐོག་མར་ད་ལོའི་ཟླ་བཞི་བའི་ཚེས་ཉི་ཤུའི་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུར་གཏན་འཁེལ་བྱས་ཡོད། ན་ནིང་ཟླ་བཅུ་གཉིས་པའི་མཇུག་ཏུ། ཨ་ཧྥུའུ་ཧན་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ལག་རྩལ་དང་བདེ་འཇགས། མ་དངུལ་སོགས་རྒྱུ་རྐྱེན་རབ་དང་རིམ་པའི་དབང་གིས་འདེམ་བསྐོ་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་བར་རྗེས་སུ་སྣུར་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།