ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་ཨུ་རུ་སི་ཡིས་མུ་མཐུད་དུ་སི་རི་ཡཱའི་སྲིད་གཞུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས་བཅུ་དགུའི་ཉིན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། སི་རི་ཡཱའི་གནས་བབ་གསར་བ་སོགས་ཀྱི་ཐད་ནས་གྲོས་མོལ་བྱས། ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་མུ་མཐུད་དུ་སི་རི་ཡཱའི་སྲིད་གཞུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

པཱ་ཧྲ་ཨར་གྱིས་ཉིན་དེའི་གྲོས་མོལ་སྐབས་སུ་བཤད་རྒྱུར། ཨུ་རུ་སི་དང་སི་རི་ཡཱ་ཕྱོགས་གཉིས་ཀྱི་དམག་དོན་དང་ཆབ་སྲིད་སོགས་ཐད་ཀྱི་མཉམ་འབྲེལ་འགུལ་སྐྱོད་དང་མཐོ་རིམ་མཐུན་སྦྱོར་དེ་སི་རི་ཡཱ་ཡིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་མུ་མཐུད་དུ་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། སི་རི་ཡཱ་ཡིས་རང་གི་མངའ་ཁོངས་ཚང་མ་བཅིངས་འགྲོལ་བྱེད་པ་དང་། མངའ་ཁོངས་ཆ་ཚང་ཡོང་བ་དང་བདག་དབང་། སྒེར་ཚུགས་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་དབྱེ་ཏི་ལེ་པུའུ་དང་སི་རི་ཡཱའི་ཤར་ཕྱོགས་ཀྱི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་འགྲམ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ། གོང་གི་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་སླར་གསོ་བྱེད་པར་ཇུས་གཞི་འོས་འཚམ་འཚོལ་ཞིབ་བྱེད་པར་འཐད་པ་བྱུང་། 

གཞན་ཡང་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་པཱ་ཧྲ་ཨར་དང་མཉམ་དུ་སི་རི་ཡཱ་ཡིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། དབུས་ཤར་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར། ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཨུ་རུ་སིའི་རོགས་རམ་འོག སི་རི་ཡཱ་ཡིས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་དང་། འཇིགས་སྐུལ་རིང་ལུགས་གང་འདོད་དུ་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱས་ཡོད་ཟེར། 

དབྱེ་ཏི་ལེ་པུའུ་ཞིང་ཆེན་དེ་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཐུར་ཁེ་དང་འབྲེལ་མཚམས་སུ་གནས་པ་དང་། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱིས་སི་རི་ཡཱའི་མངའ་ཁོངས་ནས་ཚོད་འཛིན་བྱེད་པའི་ཆེས་མཇུག་མཐའི་ས་ཁུལ་གཙོ་བོ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།