ཀྲུང་གོ་བོད་ཀྱི་དྲ་བ།

སི་ལོ་ཝ་ཁིའི་ཙུང་ཐུང་འདེམ་བསྐོས་སྐོར་ཐེངས་གཉིས་པའི་འགྲན་རྩོད་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ལོ་ཝ་ཁིའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བདུན་ཉིན་བསྟན་དོན། འདེམ་སྒུག་མི་སྣ་གང་རུང་ལ་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་སྐབས་ཕྱེད་ཀའི་ཡན་གྱི་ཁ་གྲངས་མ་ཐོབ་པས། སི་ལོ་ཝ་ཁི་ཡིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་རྒྱུ་ཡིན་པ་དང་། སྐོར་ཐེངས་དང་པོའི་ཁྲོད་འདེམ་ཤོག་ཐོབ་ཚད་ཆེས་མཐོ་བའི་འདེམ་སྒུག་མི་སྣ་གཉིས་ཀྱིས་ཙུང་ཐུང་ལ་འགྲན་རྩོད་བྱེད་རྒྱུ་ཡིན་ཟེར། 

ཉིན་དེར་སི་ལོ་ཝ་ཁིའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལཱ་ནེ་ཡིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་དང་། གོང་འཕེལ་སི་ལོ་ཝ་ཁིའི་ལས་འགུལ་གྱི་ཀྲུའུ་ཞི་གཞོན་པ་ཁཱ་ཕུའུ་ཐའོ་ཝ་དང་ད་ལྟའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཞེ་ཧྥུའུ་ཆའོ་ཝེ་ཆི་གཉིས་ཀྱི་འདེམ་ཤོག་ཐོབ་ཚད་མགོ་བས། སྐོར་ཐེངས་གཉིས་པའི་འགྲན་རྩོད་ནང་ཞུགས་ཆོག་པ་རེད། 

སི་ལོ་ཝ་ཁིའི་འབྲེལ་ཡོད་བཅའ་ཁྲིམས་ལྟར་ན། ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོ་ལས་འདེམ་སྒུག་མི་སྣ་གང་རུང་ལ་ཕྱེད་ཀ་བརྒལ་བའི་འདེམ་ཤོག་མ་ཐོབ་ན། འདེམ་ཤོག་གི་ཁ་གྲངས་ལྟར་ཆེས་མང་བ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས་པ་དང་། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་སྐབས་འདེམ་ཤོག་ཐོབ་ཚད་མང་བ་དེ་སྐབས་གསར་བའི་ཙུང་ཐུང་དུ་བདམས་ཐོན་འབྱུང་སྲིད། 

སི་ལོ་ཝ་ཁིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་སྤེལ་བ་དང་། བསྡོམས་པས་འདེམ་སྒུག་མི་སྣ་བཅུ་གསུམ་འདེམ་བསྐོའི་ནང་ཞུགས། རྒྱུས་ལོན་བྱུང་བ་ལྟར་ན། གསར་དུ་འགན་ཁུར་བའི་ཙུང་ཐུང་གིས་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལས་འགན་ཁུར་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།